སློབ་ཆེན་སློབ་མ་ཆོས་སྒྲོན་ལགས་ཀྱིས་ཕ་ཡུལ་དུ་དགུན་ཁའི་གུང་གསེང་སྐབས་སློབ་ཕྲུག་ཚོར་བོད་ཡིག་གསབ་ཁྲིད་བྱས་པས་འཛིན་བཟུང་བཙན་ཁྲིད་བྱས་འདུག

2022.02.19
སློབ་ཆེན་སློབ་མ་ཆོས་སྒྲོན་ལགས་ཀྱིས་ཕ་ཡུལ་དུ་དགུན་ཁའི་གུང་གསེང་སྐབས་སློབ་ཕྲུག་ཚོར་བོད་ཡིག་གསབ་ཁྲིད་བྱས་པས་འཛིན་བཟུང་བཙན་ཁྲིད་བྱས་འདུག བུ་མོ་ཆོས་སྒྲོན་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ཉིན་གྲངས་༥ལྷག་འགྲོ་བཞིན་ཡོད་ཀྱང་ད་དུང་ཁོང་མོ་གང་དུ་ཡོད་མེད་དང་གནས་སྟངས་གང་འདྲ་ཡིན་སོགས་ཤེས་རྟོག་མེད་པ་།
བོད་འབྱོར།

འདི་ལོ་རྒྱ་ནག་གཞུང་གིས་སློབ་གྲྭ་ཁག་གི་དགུན་དུས་གུང་གསེང་དང་བསྟུན་གསབ་ཁྲིད་གང་བྱུང་བྱས་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་༡༣ཉིན་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་ཆབ་མདོ་རི་བོ་ཆེ་ཡམ་མདའ་སྡེ་བ་ནས་ཡིན་པའི་མཐོ་རིམ་སློབ་མ་ཆོས་སྒྲོན་ལགས་ནས། དགུན་ཁའི་གུང་སེང་འགོ་ཚུགས་པ་དང་བསྟུན་ཕ་ཡུལ་གྱི་བྱིས་པ་ཚོར་བོད་ཡིག་གསབ་ཁྲིད་བྱས་པས། རྒྱ་ནག་ཉེན་རྟོག་པས་རྒྱུ་མཚན་གསལ་ཁ་གང་ཡང་མེད་པར་བཙན་འཁྲིད་བྱས་ཏེ་གར་ཡོད་ཆ་མེད་དུ་གྱུར་ཡོད་སྐོར། བཙན་བྱོལ་ནང་གནས་སྡོད་འབྲེལ་ཡོད་དགེ་འདུན་པ་ཞིག་ནས་གནས་ཚུལ་མཁོ་སྤྲོད་གནང་སོང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། བུ་མོ་ཆོས་སྒྲོན་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ཉིན་གྲངས་༥ལྷག་འགྲོ་བཞིན་ཡོད་ཀྱང་ད་དུང་ཁོང་མོ་གང་དུ་ཡོད་མེད་དང་གནས་སྟངས་གང་འདྲ་ཡིན་སོགས་ཤེས་རྟོག་མེད་པ་དང་། ཁོ་མོའི་ནང་མི་ཉེ་འབྲེལ་ཚོས་སེམས་འཁུར་ཆེན་པོ་ཡོང་གི་ཡོད་སྐོར་བརྗོད་པ་མ་ཟད། ཐེངས་འདིར་ཁོ་མོ་འཛིན་བཟུང་བཙན་ཁྲིད་བྱེད་དོན་གཙོ་བོ་བོད་ཡིག་གསབ་ཁྲིད་ཀྱི་གནད་དོན་ཡིན་པ་ལས། གཞན་ཁོ་མོར་ནག་ཉེས་རིགས་གང་ཡང་མེད་པ་དང་། མོ་ནི་ནམ་རྒྱུན་བོད་སྐད་ཡིག་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན་སྐོར། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་ཀྱི་ས་ཁུལ་ཁག་ནང་དགེ་རྒན་དང་སློབ་མ་སུ་གཅིག་གིས་བོད་སྐད་ཡིག་གི་ལམ་ནས་གསབ་ཁྲིད་གང་བྱུང་བྱས་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་པ་དང་། འདི་ལོ་ཆེད་དམིགས་གཞུང་གི་གོ་སྒྲིག་མ་ཡིན་པའི་གསབ་ཁྲིད་རིགས་ཚོགས་མི་ཆོག་པའི་བཀོད་ཁྱབ་རིམ་པར་བཏང་ཡོད་པ་རེད་ལ། གནས་ཚུལ་མཁོ་སྤྲོད་པས་ཆོས་སྒྲོན་ལགས་ནས་ཁོ་མོས་དེ་སྔ་ནས་དགུན་ཁའི་གུང་སེང་དང་བསྟུན་ཕྱིར་ཕ་ཡུལ་དུ་ལོག་ནས་སློབ་ཕྲུག་ཚོར་གསབ་ཁྲིད་གནང་གི་ཡོད་པ་དང་། འདི་ལོ་ཡང་སློབ་ཕྲུག་ཚོར་བོད་ཡིག་སྐད་ཡིག་ལམ་ནས་གསབ་ཁྲིད་བྱས་ཡོད་པ་ལས། ཆེད་དམིགས་སློབ་ཚན་ག་རེ་ཁྲིད་བཞིན་ཡོད་དང་སློབ་ཕྲུག་ག་ཚོད་ཡོད་སོགས་གསལ་ཁ་མེད་སྐོར་འགྲེལ་བརྗོད་གནང་གི་འདུག
སྔར་ལོའི་ཕྱི་ཟླ་༩་བའི་ནང་རྒྱ་ནག་སློབ་གསོ་ལས་ཁུངས་ཟེར་བས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ། འདི་ལོ་ནས་བཟུང་ཞི་ཅིན་ཕིན་གྱི་རྒྱ་ནག་གི་སྐད་ཡིག་སློབ་གསོའི་ཐད་གནང་བའི་ལམ་སྟོན་དང་དགོངས་པར་སློབ་སྦྱོང་ཡང་དག་ཟེར་བ་ལག་བསྟར་ཡོང་སླད། གྲངས་ཉུང་མི་རིགས་ས་ཁུལ་དང་གྲོང་གསེབ་ས་ཁུལ་གྱི་བྱིས་པ་རྣམས་ལ་རྒྱ་སྐད་རྒྱ་ཡིག་སློབ་ཁྲིད་ཀྱིས་ཆུང་དུས་ནས་རྒྱའི་སྐད་ཡིག་གི་བག་ཆགས་ཟབ་མོ་འཇོག་ཐབས་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་བཞིན། ལོ་དེའི་ཕྱི་ཟླ་༡༠་པ་ནས་བཟུང་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་སུ་ཡོད་པའི་རྫོང་དང་གྲོང་ཁྱེར་ཁག་གི་སློབ་གྲྭ་ཁག་ནང་། དགུན་ཁའི་གུང་གསེང་དང་སྐབས་སློབ་ཕྲུག་ཚོར་དམིགས་བསལ་བོད་ཡིག་གསབ་སྦྱོང་རིགས་ཚོགས་མི་ཆོག་པ་སོགས་དགེ་རྒན་ཚོའི་ཚོགས་འདུ་བརྒྱུད་ཐེངས་མང་ལ་བསྒྲགས་ཡོད་པ། བོད་ནང་གི་འབྲེལ་ཡོད་ནས་འདི་ག་རླུང་འཕྲིན་ཁང་གིས་འགྲེལ་བརྗོདང་གནང་ཡོད།
བུ་མོ་ཆོས་སྒྲོན་ལགས་ནི་སི་ཁྲོན་ཞིང་ཆེན་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཞིག་ཡིན་པ་དང་། ད་ལྟའི་ཆར་ཁོ་མོའི་ཤུལ་དུ་ཨ་མ་ཁངས་སྐྱིད་དང་རང་ལོ་༡༤ཅན་གྱི་གཅུང་མོ་ཞིག་དང་གཅུང་པོ་ལོ་༨ཅན་ཞིག་བཅས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎