བྱང་ཀོ་རི་ཡས་ཨ་མི་རི་ཀའི་གསར་འགོད་པ་གཉིས་གློད་བཀྲོལ།

ཨ་རིའི་སྲིད་འཛིན་ཟུར་པ་སྦིལ་ཁི་ལིན་ཊེན་མཆོག་བྱང་ཀོ་རི་ཡར་ཕེབས་ནས་བྱང་ཀོ་རི་ཡས་ཨ་རིའི་གསར་འགོད་པ་གཉིས་གློད་བཀྲོལ།

2009.08.05

༄༅༎ཨ་རིའི་སྲིད་འཛིན་ཟུར་པ་སྦིལ་ཁི་ལིན་ཊེན་མཆོག་བྱང་ཀོ་རི་ཡར་ཕེབས་ནས་བྱང་ཀོ་རི་ཡར་བཙོན་འཇུག་དོ་དམ་འོག་ཡོད་པའི་ཨ་རིའི་གསར་འགོད་པ་ལིང་དང་ལི་གཉིས་བཙོན་འགྲོལ་ཐོབ་རྗེས་དེ་རིང་ཨ་རིའི་ནུབ་ཕྱོགས་གྲོང་ཁྱེར་ལོ་སེ་ཨེན་ཇེ་ལེ་སི་རུ་ཕྱིར་ཕེབས་གནང་གི་ཡོད་པ་མ་ཟད་གསར་འགོད་པ་དེ་གཉིས་ཀྱི་ནང་མི་ཚོ་དགའ་ཚོར་ཆེན་པོའི་སྒོ་ནས་ཁོང་གཉིས་ཐུག་རྒྱུར་ངང་སྒུག་བྱེད་བཞིན་ཡོད་པ་རེད།

བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨིལ་གྱི་བཟོད་ཡང་ཐོབ་པའི་ཨ་རིའི་གསར་འགོད་པ་གཉིས་ཀྱི་ནང་མི་ཚོས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གི་གཞུང་སྲིད་འཛིན་སྐྱོང་གི་ཕྱག་ལས་གནང་སྟངས་ལ་ཡིད་རང་བསྔགས་བརྗོད་ཞུས་ཡོད་པ་དང་ལྷག་པར་དུ་སྲིད་འཛིན་ཟུར་པ་སྦིལ་ཁི་ལིན་ཊེན་དང་སྲིད་འཛིན་སྐུ་གཞོན་ཟུར་པ་ཨེལ་གོར་རྣམ་གཉིས་ཀྱིས་སྐུ་ངལ་ཆེན་པོ་སྐྱོན་ནས་ལིང་དང་ལི་གཉིས་ལ་བཙོན་འགྲོལ་ཐོབ་ཐབས་གནང་ཡོད་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་དཀའ་ངལ་གྱི་དུས་ཚོད་འདི་འདྲའི་སྐབས་རྒྱབ་སྐྱོར་རོགས་རམ་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་འདུག

ཨ་རིའི་གཞུང་འཛིན་དཔོན་རིགས་ཁག་གིས་གསུངས་ན་ཁ་ས་སྲིད་འཛིན་ཨོ་སྦ་མ་མཆོག་གིས་གསར་འགོད་པ་གཉིས་ཀྱི་ནང་མི་ཚོར་ཞལ་པར་ཐོག་ནས་ཁོང་གཉིས་བདེ་ཐང་ངང་རང་ཡུལ་ལ་ཕྱིར་ལོག་བྱ་རྒྱུ་ཡིན་པ་ནི་བློ་བདེའི་གནས་ཚུལ་ཞིག་ཡིན་སྐོར་གསུངས་ཡོད་པ་རེད།

བྱང་ཀོ་རི་ཡའི་གཞུང་འབྲེལ་ཀེ་སི་ཨེན་ཨེ་གསར་ལས་ཁང་གིས་ཁི་ལིན་ཊེན་གྱིས་དགོངས་སེལ་ཞུས་པའི་རྗེས་ཀིམ་གྱིས་ཨ་རིའི་བརྙན་འཕྲིན་གྱི་གསར་འགོད་པ་གཉིས་ལ་བཟོད་ཡང་གློད་བཀྲོལ་བྱ་རྒྱུར་མོས་མཐུན་གནང་ཡོག་རེད་ཅེས་གནས་ཚུལ་ཁྱབ་བསྒྲགས་བྱས་འདུག

ཕྱོགས་མཚུངས་ཀེན་ཡ་ནང་གཞུང་དོན་ཕྱོགས་བསྐྱོད་གནང་བཞིན་པའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཁི་ལིན་ཊེན་གྱིས་ད་རེས་ཨ་རིའི་གསར་འགོད་པ་གཉིས་བྱང་ཀོ་རི་ཡས་བཙོན་འགྲོལ་བཏང་བ་དེ་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་བཟོ་འདོན་མཚམས་འཇོག་གི་གྲོས་མོལ་གཉིས་དབར་འབྲེལ་བ་མེད་སྐོར་གསུངས་ཏེ་བར་མཚམས་ཆད་པའི་རྒྱལ་ཁབ་དྲུག་གི་གྲོས་མོལ་དེའི་ནང་བྱང་ཀོ་རི་ཡ་བསྐྱར་དུ་མཉམ་བཞུགས་བྱ་རྒྱུའི་རེ་སྐུལ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎