ནང་ཆེན་སྡོམ་པར་ཁོར་ཡུག་སྲུང་བའི་གདུང་འབོད་འདུ་འཛོམས།
2014.08.07

ནང་ཆེན་རྫོང་སྡོམ་པ་ཡུལ་ཤོག་གི་བོད་མི་ཚོས་གཙང་གསུམ་ཁོར་ཡུག་དང་ཕ་ཡུལ་གྱི་གཏེར་ཁ་སྲུང་སྐྱོབ་བྱེད་པའི་གདུང་འབོད་འདུ་འཛོམས་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་དོན། སྤྱི་ཟླ་༨པའི་ཚེས༥ཉིན་ རྒྱ་ནག་གི་གཏེར་འདོན་ཁེ་ལས་ཚན་པས་ནང་ཆེན་རྫོང་སྡོམ་པ་ཡུལ་ཤོག་གི་ས་ཁུལ་ཁག་གཅིག་ནས་རྡོ་སོལ་གྱི་གཏེར་ཁ་སྔོག་འཆར་ལ་བོད་མི་ཚོས་གོ་གཞུང་གཡས་གཡོན་སུམ་མདོ་ལ་འབྱོར་བའི་རྒྱ་ནག་གི་འབྲེལ་ཡོད་མི་སྣའི་མདུན་འདོད་པ་མེད་པའི་ཞུ་འབོད་ངོ་རྒོལ་བྱས་ཡོད་པ་དང་། དེའི་རྗེས་ཚེས་༦ཉིན་བོད་མི་ཚང་མ་མཉམ་དུ་སྡོམ་པ་ཡུལ་ཤོག་གི་གོ་གཞུག་སུམ་མདོ་འཛོམས་ནས་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་ངང་གཙང་གསུམ་ཁོར་ཡུག་དང་ཕ་ཡུལ་གྱི་གཏེར་ཁ་སྲུང་སྐྱོབ་བྱེད་པའི་གདུང་འབོད་འདུ་འཛོམས་ཞེས་བའི་འཕྲེད་དར་རིང་བོ་འཕྱར་བ་དང་མཉམ་ཁོང་ཚོས་མ་གྲོས་སེམས་པ་གཅིག་མཐུན་གྱིས་རྒྱ་ནག་གི་ཕྱི་ལ་བསྒྲགས་བཞིན་པའི་གཙང་གསུམ་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་ལག་བསྟར་དང་། ཕ་ཡུལ་གྱི་གཏེར་ཁ་མཐའ་གཅིག་དུ་སྲུང་སྐྱོབ་ཡག་པོ་བྱེད་རྒྱུའི་ཆོད་སེམས་གཅིག་མཐུན་བྱུང་ཡོད་པ་རེད།
ས་གནས་བོད་མི་ཞིག་གིས་བརྗོད་དོན། སྤྱི་ཚེས་༤ཉིན་ནང་ཆེན་སྡོམ་པ་ཡུལ་ཤོག་གི་འགོ་ཁྲིད་ཀུན་འཕྲིན་གཙོས་འབྲེལ་ཡོད་ལས་བྱེད་དང་། རྒྱ་ནག་གི་གཏེར་ལས་སྔོག་འདོན་ཚན་པའི་འབྲེལ་ཡོད་མི་སྣ་བཅས་སྡོམ་པ་ཡུལ་ཤོག་ཁོངས་རྡོ་སོལ་གྱི་གཏེར་ཁ་ཡོད་ས་གོ་གཞུང་ས་གནས་ལ་འབྱོར་བ་དང་། ཚེས༥ཉིན་བོད་མི་ཚོས་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱི་གཙོས་ཆེའི་མཐོའི་དབུ་ཁྲིད་རྣམ་པས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་། གང་བྱུང་གཏེར་སྔོག་བཀག་འགོག་ཆེད་གསུངས་བའི་ནང་དོན་རྣམས་འཕྲེད་དར་ལ་བྲིས་ནས་། ཆུ་ཚོད་ཁ་ཤས་རིང་འཕྲེད་དར་བསྒྲེངས་བ་དང་ཞུ་འབོད་ངོ་རྒོལ་བྱས་ཡོད་པ་དང་། ས་གནས་བོད་མི་མང་པོ་འཛོམས་པ་སོགས་ཛ་དྲག་གི་གནས་ཚུལ་འབྱུང་ཉེན་ལ་བརྟེན་ཁོང་ཚོས་ས་གནས་བོད་མའི་བསམ་འཆར་ཁག་གོང་རིམ་ལ་ཞུ་རྒྱུ་ཡིན་ཚུལ་བཤད་ནས་ལས་འགུལ་མཚམས་འཇོག་བྱེད་དུ་བཅུག་ཡོད་འདུག
གསར་འགོད་པ་ཀླུ་འབུམ།