རྒྱ་གར་ནུབ་སྦེལ་གོལ་མངའ་སྡེའི་རྒྱལ་ཡོངས་འོས་བསྡུའི་སྐོར།
2009.04.08
༄༅༎རྒྱ་གར་ཤར་ཕྱོགས་ནུབ་སྦེང་གོལ་མངའ་སྡེའི་ནང་གཞུང་འཛིན་གནང་བཞིན་པའི་དམར་ཤོག་ཚོགས་པར་ད་རེས་རྒྱལ་ཡོངས་འོས་བསྡུའི་འགྲན་རྩོད་ནང་འོས་ཐོབ་ཡོང་རྒྱུར་སྔར་དང་མི་འདྲ་བའི་དཀའ་ངལ་གང་ཆེ་ཞིག་སྤྲད་ཀྱི་ཡོད་འདུག
འཛམ་གླིང་ནང་དམངས་གཙོའི་འོས་བསྡུ་བརྒྱུད་འདེམས་བསྐོ་བྱུང་བའི་དམར་པོའི་གཞུང་འཛིན་རིང་ཤོས་དེ་རྒྱ་གར་གྱི་དམར་ཤོག་ཚོགས་པས་ནུབ་སྦེང་གོལ་ནང་སྐྱོང་དེ་ཡོད་པ་དང་འདས་པའི་ལོ་ངོ་༤༢རིང་ནུབ་སྦེང་གོལ་གྱི་མང་ཚོགས་ནས་དམར་ཤོག་ཚོགས་པར་རྒྱབ་སྐྱོར་གྱིས་འོས་འཕེན་གནང་ཡོད་ཅིང་ཡིན་ནའི་ཉེ་ལམ་ནས་མངའ་སྡེའི་གཞུང་གིས་མངའ་སྡེའི་འཛུགས་བསྐྲུན་དང་འབྲེལ་བཟོ་གྲྭ་དང་གཞུང་ལམ་རྒྱབ་རྒྱུའི་ཆེད་ཞིང་པའི་ས་ཞིང་མང་པོ་ཞིག་གཞུང་བཞེས་ལྟ་བུར་བཏང་འགོ་བཙུགས་པར་མང་ཚོགས་ཀྱིས་དེར་ངོ་རྒོལ་མཚོན་དོན་ད་རེས་འོས་བསྡུའི་སྐབས་དམར་ཤོག་ཚོགས་པར་རྒྱབ་སྐྱོར་གྱིས་འོས་འཕེན་མ་གནང་བར་དཀའ་ངལ་བཟོ་སྲིད་སྐོར་གསུངས་ཀྱི་ཡོད་པ་རེད།
དེ་ཡང་ནུབ་སྦེང་གོལ་མངའ་སྡེའི་རྒྱལ་ས་ཀོ་ལི་ཀོ་ཊ་ནས་ཆུ་ཚོད་གཉིས་ཙམ་རིང་མོ་ཊའི་ནང་འགྲིམ་འགྲུལ་བྱ་དགོས་པའི་རྒྱང་ཚད་དུ་ཆགས་པའི་ཀ་ལི་ཆ་རན་པུར་ཞེས་པའི་ས་ཁུལ་གྱི་ཞིང་པ་ནེ་པལ་ཧལ་ཌར་ཞུ་བ་ཞིག་གིས་དེ་སྔ་དམར་ཤོག་ཚོགས་པས་ང་ཚོར་ས་ཞིང་སྤྲད་པ་དང་ང་ཚོས་ཀྱང་དམར་ཤོག་ཚོགས་པར་ལོ་མང་རིང་འོས་འཕེན་གྱིས་རྒྱབ་སྐྱོར་བྱས་ཡོད་ཡིན་ནའི་ད་ཆ་དམར་ཤོག་ཚོགས་པའི་གཞུང་གིས་ང་ཚོའི་ས་ཞིང་ཕར་ལེན་གྱི་ཡོད་པར་སོང་ངས་ད་རེས་དམར་ཤོག་ཚོགས་པར་འོས་ཤོག་འཕེན་རྩིས་མེད་ཅེས་རོའུ་ཀྲར་གསར་འགྱུར་ལས་ཁང་ལ་དགོངས་ཚུལ་གསུངས་ཡོད་པ་རེད། ནུབ་སྦེང་གོལ་གྱི་མངའ་སྡེར་རྒྱལ་ཡོངས་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མི་གྲངས་༤༢ཞབས་སྟེགས་ཡོད་པ་དང་མངའ་སྡེའི་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་འོས་བསྡུའི་རྒྱལ་ཁ་དེ་ད་བར་དམར་ཤོག་ཚོགས་པར་ཐོབ་ཡོད་ནའང་ད་ཆ་དམར་ཤོག་ཚོགས་པར་འོས་བསྡུའི་ཕམ་ཉེས་ཡོང་རྒྱུའི་ཉེན་ཁ་ཆེ་ཤོས་དེ་འཕྲད་བཞིན་ཡོད་སྐོར་གསུངས་ཀྱི་ཡོད་པ་རེད།