༸གོང་ས་མཆོག་ནས་ཉི་ཧོང་དུ་མང་ཚོཊ་ལ་བཀའ་ཆོས།
2009.11.02
༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་སེམས་འདུལ་ཐབས་བྱ་རྒྱུ་ནི་རང་ཉིད་ཀྱི་ལུས་པོའི་འཕྲོད་བསྟེན་ཐོག་ལའང་ཕན་ཐོགས་ཆེན་པོ་ཡོང་རྒྱུའི་དགེ་མཚན་ཡོད་ལུགས་བཀའ་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བཅུ་པའི་ཚེས་སུམ་ཅུའི་ཉིན།ཉི་ཧོང་གི་རྒྱལ་ས་ཀྲོག་ཡོའི་ནང་ཞབས་སོར་འཁོད་གནང་མཛད་དེ།ཁུལ་དེར་ཐོག་མའི་ཆོས་འབྲེལ་གྱི་མཛད་འཆར་ཁོངས་སུ་ཚེས་སུམ་ཅུ་སོ་གཅིག་གི་ཉིན།ཤར་ཨེ་ཤ་ཡའི་བོད་གཞུང་སྐུ་ཚབ་དོན་གཅོད་དང་།ནང་པའི་ཆོས་ཚོགས་གཉིས་ཙམ་ཐུན་མོང་གི་ཐོག་ནས་གོ་བསྒྲིགས་གནང་བའི་འོག་མང་ཚོགས་ལ་ལམ་གཙོ་རྣམ་གསུམ་དང་སེམས་སྐྱེད་སྐོར་གསུང་ཆོས་བཀྲིན་བསྩལ་གནང་ཡོད་པ་རེད།
བཀའ་ཆོས་དབུ་བཙུགས་མ་གནང་བའི་གོང་།༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས།བྱམས་བརྩེའི་སྒོ་ནས་སོ་སོའི་ཉིན་རེའི་འཚོ་བ་སྐྱེལ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་ནི།ཆོས་ཕྱོགས་གཅིག་པུ་མ་ཡིན་པར་དེང་སང་ཚན་རིག་པ་ཚོས་ཀྱང་ངོས་ལེན་བྱེད་ཀྱི་ཡོད་ལུགས་བཀའ་གནང་ཡོད་པ་དང་།དེ་བཞིན་བྱམས་སྙིང་རྗེ་ནི་སོ་སོའི་དགྲ་བོ་ལའང་སྐྱེས་ཐུབ་ཐབས་དགོས་པ་དེ་ཡང་དགྲ་བོའི་བྱ་སྤྱོད་ནོར་འཁྲུལ་ལ་ཡོ་སྲངས་བྱེད་པ་དང་ཆབས་ཅིག་ཁོ་པར་ཡང་ཆབས་ཅིག་ཏུ་རྙིང་རྗེ་སྐྱེས་ཐུབ་པ་བྱེད་དགོས་ལུགས་བཀའ་གནང་འདུག
ཡང་༧གོང་ས་མཆོག་གིས་བདེ་བ་ཡོང་བར་བྱེད་པ་ལ་རང་གཅེས་པར་འཛིན་པའི་བློ་སྤོངས་དགོས་པ་དང་།དེ་ལྟར་བྱེད་པ་ཡིན་ན་རང་ཉིད་ལ་བདེ་བ་དང་སྡུག་བསྔལ་གྱི་ཚོར་སྣང་ལ་དེ་ཙམ་གྱི་ཁྱད་པར་ཆེན་པོ་འགྲོ་གི་མ་རེད་ཅེས་དང་།འཛམ་གླིང་ནང་ཚང་མས་ཆོས་ལུགས་དང་མི་རིགས་ཀྱི་འཐེན་འཁྱེར་ཆེ་དྲག་པ་མ་ཡིན་པར་ཚང་མར་གཅིག་མཚུངས་ཀྱི་བློ་སྐྱེས་ཐུབ་པ་ཡིན་ན།འཛམ་གླིང་ནང་ཞི་བདེའི་ཁོར་ཡུག་སྐྲུན་ཐབས་སུ་ཕན་ཐོགས་ཡོང་གི་རེད་ཅེས་བཀའ་གནང་འདུག་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཀྲོག་ཡོའི་ནང་གི་མཛད་འཆར་གྲུབ་གནང་བའི་རྗེས་སུ་ཨོ་ཀི་ན་ཝས་གཙོས་གྲོང་ཁྱེར་གཉིས་ཙམ་ལ་མཛད་འཆར་ཚེས་ལྔ་བར་ཡོད་པ་རེད།།