དབྱིན་ཡོ་གཉིས་ཀྱིས་སྤྲུལ་སྐུ་བཙོན་ཁང་ནས་གཤེཊ་པར་བསྒྲཊ་གཏམ།
2015.07.16

རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྐུ་གྲོངས་རྐྱེན་རྩད་ཞིབ་ཀྱིས་གནས་ཚུལ་གསལ་པོ་ཕྱི་བསྒྲགས་ཡོང་རྒྱུ་དབྱིན་ཡོ་གཉིས་ལ་རེ་བ་ཡོད་པ།
དེ་ཡང་ཟླ་བ་འདིའི་ཚེས་༡༣ཉིན་དབྱིན་ཇི་གཞུང་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ཞིག་གིས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གི་བཙོན་ཁང་དུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བློ་ཕམ་བྱུང་ཡོད་སྐོར་གསུངས་པ་མ་ཟད། དེ་སྔ་དབྱིན་གཞུང་ཕྱི་སྲིད་ལས་ཁུངས་ཀྱི་བློན་ཆེན་སྐུ་ཞབས་Hugo Swireམཆོག་གིས་རིན་པོ་ཆེ་མཆོག་གི་སྐུ་གཟུགས་ཀྱི་གནས་སྟངས་ཐོག་སེམས་འཚབ་ཡོད་པའི་དགོངས་ཚུལ་བཏོན་མྱོང་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་རིན་པོ་ཆེའི་སྐུ་གཟུགས་དྲག་སྐྱེད་ཡོང་སླད་སྨན་བཅོས་ཀྱི་མཐུན་འགྱུར་ཆེད་བཙོན་ནས་གློད་བཀྲོལ་དགོས་པའི་རེ་འདུན་ཡང་བཏོན་ཡོད་པའི་ལུང་འདྲེན་གནང་འདུག་པ་དང་། ཡང་ཡོ་རོབ་མཉམ་སྦྲེལ་མཐུན་ཚོགས་ཀྱིས་འདི་ཚེས་༡༥ཉིན་བསྒྲགས་གཏམ་ཞིག་སྤེལ་བའི་ནང༌། རིན་པོ་ཆེ་མཆོག་དུས་མིན་བཙོན་ཁང་ནང་སྐུ་གཤེགས་པ་དེར་ཁོང་གི་ནང་མི་སྤུན་མཆེད་དང་སློབ་མ་རྣམས་ལ་སེམས་གསོ་ཞུ་གི་ཡོད་ཅེས་གསུང་འདུག དེ་ཡང་ཡོ་རོབ་མཉམ་སྦྲེལ་མཐུན་ཚོགས་ཀྱི་བསྒྲགས་གཏམ་དེའི་ནང༌། ཕྱི་ལོ་ ༢༠༠༢ ནས་བཟུང་བཙོན་ཁང་ནང་བཞུགས་དགོས་བྱུང་བའི་བོད་པའི་བླ་མ་གྲགས་ཅན་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་ཁང་ནང་སྐུ་ཚེ་མ་ཟིན་པའི་གནས་ཚུལ་བྱུང་བ་དེར་ང་ཚོས་ཁོང་གི་ནང་མི་དང༌། དགའ་ཉེ། དེ་བཞིན་ཁོང་ལ་རྒྱབ་སྐྱོར་ཞུ་མཁན་བཅས་པར་སེམས་གསོ་ཤུགས་དྲག་ཞུ་གི་ཡོད། ཡོ་རོབ་མཉམ་སྦྲེལ་མཐུན་ཚོགས་ཀྱིས་རིན་པོ་ཆེ་མཆོག་གློད་གྲོལ་གཏོང་དགོས་པའམ། ཡང་ན་ཁོང་ལ་སྨན་བཅོས་ཀྱི་མཐུན་རྐྱེན་སྤྲོད་དགོས་པའི་སྐུལ་མ་ལན་མང་བྱས་ཡོད། རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་དགོངས་པ་རྫོགས་པའི་དོན་རྐྱེན་ཇི་ཡིན་རྩད་ཞིབ་ཀྱིས་གནས་ཚུལ་གསལ་པོ་ཕྱི་བསྒྲགས་ཡོང་རྒྱུར་ང་ཚོས་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ནས་དབྱིན་ཇིའི་གཞུང་དང་ཡོ་རོབ་མཉམ་སྦྲེལ་མཐུན་ཚོགས་བཅས་པས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་ཁང་དུ་སྐུ་གཤེགས་པར་བློ་ཕམ་བྱུང་བའི་གསལ་བསྒྲགས་གནང་འདུག
གསར་འགོད་པ་ངག་ཆོས།