རྒྱ་གར་ཧོན་ཟུར་བོད་མིའི་གཞིས་ཆགས་ཀྱི་ལོ་འཁོར་ཚོགས་ཆེན།
2009.08.05
༄༅༎ཟླ་བ་འདིའི་ཕྱི་ཚེས་གཅིག་ནས་ཉིན་གྲངས་གསུམ་རིང་རྒྱ་གར་ནང་དུ་ཡོད་པའི་ཧོན་ཟུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ཁག་ནང་མཉམ་འབྲེལ་བཅོ་ལྔ་དང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་བཅས་ཀྱི་ལོ་འཁོར་འཛིན་སྐྱོང་ཚོགས་ཆེན་ཐེངས་དགུ་པ་སྐོང་ཚོགས་གནང་ཡོད་པའི་སྐོར་ཁ་ས་རེས་གཟའ་མིག་དམར་ཉིན་བཙན་བྱོལ་བོད་གཞུང་གི་འཕྲིན་གཏོང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག
ཐེངས་འདིའི་ལོ་འཁོར་ཚོགས་ཆེན་ཐེངས་དགུ་པ་དེའི་ཐོག་ན་ནིང་གི་ལྷན་ཚོགས་ཐེངས་བརྒྱད་པའི་ཐོག་གྲོས་ཆོད་བཞག་པ་ཁག་ལག་བསྟར་ཇི་ལྟར་བྱུང་ཡོད་མེད་བསྐྱར་ཞིབ་གནང་བ་དང་ཕྱིས་འབྱུར་གི་ཚོང་འབྲེལ་ཐད་ལ་ལེགས་སྤེལ་ཉེས་འགོག་གི་གོ་བསྡུར་དང་མ་འོངས་པའི་ལས་དོན་འཆར་གཞིའི་ཐོག་ལ་དགོངས་འཆར་སྤེལ་རེས།ཁྲིམས་མཐུན་གྱི་དེབ་སྐྱེལ་བྱས་པའི་འོག་ལ་ལས་རིམ་རྣམས་ཇི་ལྟར་མདུན་བསྐྱོད་ཡོད་མེད། དེ་བཞིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཁྱབ་ཁོངས་ཁག་གི་ལས་བསྡོམས་དང་རྩིས་ཁྲ་སྒྲོག་སྦྱང་གནང་བ།ཐེངས་དགུ་པའི་གྲོས་ཆོད་ཁག་གཏན་འབེབས་གནང་སྟེ་འདི་ལོའི་ཚོགས་ཆེན་ཐེངས་དགུ་པ་དེ་ཕྱི་ཚེས་གསུམ་ཉིན་མཇུག་སྒྲིལ་ཡོད་པ་རེད། དེ་ནས་ཕྱི་ཟླ་བདུན་པའི་ཚེས་སུམ་ཅུ་སོ་གཅིག་ཉིན་རྒྱ་གར་ལྷོ་ཕྱོགས་སྦེ་ལོ་ཀོ་པི་བོད་མིའི་གཞིས་ཆགས་ནང་བཙན་བྱོལ་བོད་གཞུང་ནང་སྲིད་ལྷན་ཁང་གི་ཁྱབ་ཁོངས་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གི་ཚོགས་ཁང་འཛུགས་སྐྲུན་ལེགས་གྲུབ་ཀྱི་དབུ་འབྱེད་གནང་བ་མ་ཟད་ནང་སྲིད་ལྷན་ཁང་གིས་ཕྱི་ཚེས་སུམ་ཅུ་སོ་གཅིག་ནས་ཉིན་དྲུག་རིང་སོ་ནམ་ཐོན་སྐྱེད་ཐོག་ལ་ཆེད་ལས་མི་སྣ་གདན་ཞུ་གནང་སྟེ་བོད་མིའི་སོ་ནམ་གཞིས་ཆགས་ཁག་བཅུ་གཉིས་ཀྱི་སོ་ནམ་སློབ་སྟོན་པ་ཚོར་ས་ཞིང་ས་ཐིགས་ལེན་སྟངས་དང་ས་ཆུ་བདག་སྐྱོང་བྱེད་སྟངས།སྒོ་ཕྱུགས་སེམས་ཅན་གསོ་སྐྱོང་བྱེད་སྟངས།ཤིང་འབྲས་འདེབས་ལས།ཐོན་སྐྱེད་རྣམས་ཁྲོམས་རའི་ཐོག་ཚོང་འགྲེམས་བྱ་ཕྱོགས་སོགས་བོད་མིའི་སོ་ནམ་ཐོན་སྐྱེད་གོང་འཕེལ་ཡོང་ཐབས་ཀྱི་ཟབ་སྦྱོང་གནང་ཡོད་པ་རེད།