སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་འཕར་མ་མཇུག་བསྒྲིལ།
2011.05.29
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་དང་། བཀའ་སློབ་དགོངས་དོན་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་འཕར་མ་ཉིན་གསུམ་རིང་སྐོང་འཚོགས་གནང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བཅོས་བསྒྱུར་གཏོང་དགོས་པ་ཡོངས་རྫོགས་ཟླ་བ་དིའི་ཚེས་༢༨ ཀྱི་མཚན་མོ་གཏན་འབེབས་ལེགས་གྲུབ་ཟིན་ཡོད་པ་རེད། གཙོ་བོ་སྔོན་གླེང་དང བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་ གོང་ས་མཆོག་ལ་རང་ཆས་སུ་ཡོད་པའི་སྐུ་དབང་དོན་ཚན་གསུམ་ཡོད་པ་ཞིག་གསར་འཇུག་བྱས་ཡོད་པ་རེད། སྐབས་འདིར་ ཁྲིམས་ཡིག་ཁག་ལ་ཆོག་མཆན་བཀའ་འཁྲོལ་གནང་མཁན་བཀའ་བློན་ཁྲི་པ་དང ཁྲིམས་ཞིབ་པ་རྣམ་པ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་སྤྱི་འཐུས་ལྷན་ཚོགས་ནས་འོས་འདེམས་བྱ་རྒྱུ་དང་ བཀའ་བློན་ཁྲི་པ་དང་། བཀའ་བློན་རྣམ་པ་ སྤྱི་འཐུས་ཚོགས་གཙོ་དང་། ཚོགས་གཞོན་བཅས་ཀྱི་དམ་བཅའ་འཇོག་གནང་གིས་ ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ཞུ་རྒྱུ་སོགས་སུ་བསྒྱུར་བཅོས་བཏང་ཡོད་པ་དང་བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་དེ་བོད་མིའི་སྒྲིག་འཛུགས་ཞེས་པར་བསྒྱུར་བཅོས་བཏང་ཡོད་པ་རེད། མདོར་བསྡུས་ན་གནས་སྐབས་མི་མང་གིས་དང་ལེན་བྱེད་ཐུབ་དང་མི་ཐུབ་གནས་ཚུལ་འདྲ་མིན་ཡོང་སྲིད་ཀྱང་༸གོང་ས་མཆོག་གི་དགོངས་གཞི་ལམ་སྟོན་དང་ལྷག་པར་དུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་བཅར་བ་རྣམས་ལ་༸གོང་ས་མཆོག་གིས་བཀའ་སློབ་བསྩལ་བ་དང་དེའི་རྗེས་སུ་སྐུ་སྒེར་ཡིག་ཚང་བརྒྱུད་ཕྱག་ཡིག་ཕེབས་པའི་དགོངས་དོན་དང་འགལ་མེད་ཐོག་ཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་བཏང་ཡོད་པ་དང་ དུས་འདི་ནས་བཟུང་ དགའ་ལྡན་ཕོ་བྲང་ཞེས་པའི་མིང་བྱང་དང་ བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་འདི་གཉིས་ཀྱང་ཕྱིར་བསྡུ་བྱས་ཡོད་པ་རེད།
ད་ནས་བཟུང་རྒྱལ་རྟགས་ཀྱི་ནང་དུ་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་ཚབ་ཏུ་ ༸གོང་ས་མཆོག་གིས་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་པར་གཏན་འབེབས་ཕྱག་རྟགས་བསྩལ་ཡོད་པ་རེད་ བཅའ་ཁྲིམས་བཅོས་བསྒྱུར་གནང་བའི་རྗེས་སུ་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་གསར་འགོད་པར་སླད་ཕྱིན་ ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་གཞུང་གི་བཀའ་ཤག་ལྷན་ཁང་ལ་བློ་སྒོ་འབྱེད་པའི་བཀའ་སློབ་ལམ་སྟོན་གནང་གི་རེད་ཞེས་གསུངས་འདུག།