ལུས་སེམས་གཉིས་ཀྱི་འབྲེལ་བ།
2013.05.16

༄༅། །༧གོང་ས་མཆོག་ནས་ཁ་སང་ཨ་རིའི་ཝིས་ཀོན་སིན་མངའ་སྡེའི་མེ་ཌི་སན་ཁུལ་དུ་གོ་ལའི་འཕྲོད་བསྟེན་དང་། བདེ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་སྐོང་ཚོགས་གནང་བའི་གླེང་མོལ་གྱི་ལས་རིམ་ཞིག་གི་ནང་ཆིབས་བསྒྱུར་དང་འབྲེལ། ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད། སྐབས་དེར་༧གོང་ས་མཆོག་ནས་གཙོ་བོ་སེམས་ནང་གི་ཞི་བདེ་དང་གཟུགས་པོའི་འཕྲོད་བསྟེན་གཉིས་ཀྱི་དབར་འབྲེལ་བ་ཆེན་པོ་ཡོད་སྐོར་བཀའ་གནང་བ་དང་འབྲེལ། སེམས་ཀྱི་ཞི་བདེ་ཞེས་པ་དེ་གང་ཟག་རང་ཉིད་ནས་བསྐྲུན་དགོས་པ་ཞིག་ཡིན་སྐོར་བཀའ་གནང་སོང་། དེ་ཡང་གཙོ་བོ་སེམས་ཀྱི་ནང་ཡོད་པའི་མི་དགེ་བའི་ཀུན་སློང་མེད་པ་བཟོས་པའི་ཐོག་དགེ་བའི་ཀུན་སློང་བསྐྲུན་ཐབས་བྱེད་དགོས་པའི་ལམ་སྟོན་གནང་སོང་། སེམས་ཀྱི་ཞི་བདེའི་ཐོག་ནས་ཕྱི་ལུས་པོའི་འཕྲོད་བསྟེན་ལ་ཁྱད་པར་ཆེན་པོ་འགྲོ་ཡི་ཡོད་དུས། གྲུབ་འབྲས་ཐོན་མིན་ལ་ལྟོས་མེད་དེའི་ཐོག་འབད་བརྩོན་བྱ་འོས་པ་ཞིག་ཡིན་སྐོར་བཀའ་གནང་སོང་།
ཡང་གླེང་མོལ་གྱི་ལས་རིམ་དེའི་ཐོག་ཕེབས་པའི་མཁས་དབང་ཌོན་ཞུ་བ་ཞིག་གིས་འཕྲོད་བསྟེན་དང་འབྲེལ་བའི་ཐོག མིའི་བསམ་བློ་འཁྱེར་སྟངས་གཙོ་བོ་གསུམ་ཡོང་གི་ཡོད་པའི་སྐོར་ལ་འགྲེལ་བརྗོད་གནང་སྐབས། མང་ཚོགས་ཀྱི་བསམ་བློའི་ནང་འཕྲོད་བསྟེན་གྱི་ཆེད་དུ་སྨན་རིགས་སོགས་ཕྱིའི་མཐུན་རྐྱེན་གང་མང་དགོས་པ་དང་། འཕྲོད་བསྟེན་དེ་སྨན་ཁང་དང་འཕྲོད་བསྟེན་གྱི་སྡེ་ཁག་ནས་སླེབས་ཀྱི་ཡོད་པ། དེ་བཞིན་སེམས་དང་ལུས་པོ་གཉིས་འབྲེལ་བ་མེད་པའི་ལྟ་བ་འཛིན་གྱི་ཡོད་པ་དེ་ཚོ་ནོར་འཁྲུལ་ཡིན་སྐོར་ངོ་སྤྲོད་དང་འབྲེལ། དོན་དངོས་ཀྱི་འཕྲོད་བསྟེན་དེ། རྒྱུན་གཏན་རང་གི་མི་ཚེའི་ནང་གི་ཟས་གོས་སྤྱོད་གསུམ་ལ་རགས་ལས་པས་མ་ཚད། རྒྱུན་གཏན་བསམ་བློ་གཏོང་ཕྱོགས་ལ་རགས་ལས་པ་ཞིག་ཡིན་སྐོར་གསུངས་སོང་། གནད་དོན་དེའི་ཐོག་༧གོང་ས་མཆོག་ནས་དགོངས་ཚུལ་བཀའ་གནང་སྐབས། དེ་ལྟ་བུའི་དངོས་ཡོད་ཀྱི་གནས་ཚུལ་དེ་མང་ཚོགས་ཀྱི་ནང་གང་ཐུབ་ཁྱབ་སྤེལ་བྱེད་དགོས་སྐོར་བཀའ་གནང་ཡོད་པ་རེད།
༧གོང་ས་མཆོག་ནས་དེ་ཉིན་ཉིན་རྒྱབ་བདེ་སྐྱིད་དང་བདེ་ཐང་ཞེས་པའི་བརྗོད་གཞིའི་ཐོག་གི་གླེང་མོལ་གྱི་ལས་རིམ་ཞིག་གི་ནང་དུའང་དབུ་བཞུགས་མཛད་ཡོད་པ་རེད།།