བོད་ཀྱི་ས་ཁུལ་ཁག་ཅིག་ནང་ཏོག་དབྱིབས་ནད་པ་དང་འབྲེལ་འདྲིས་བྱུང་བའི་མི་གྲངས་མང་པོ་ཐོན་ཡོད་འདུག

2022.04.04
བོད་ཀྱི་ས་ཁུལ་ཁག་ཅིག་ནང་ཏོག་དབྱིབས་ནད་པ་དང་འབྲེལ་འདྲིས་བྱུང་བའི་མི་གྲངས་མང་པོ་ཐོན་ཡོད་འདུག རྒྱ་ནག་ནང་ནད་ཡམས་དང་འབྲེལ་ནས་དམ་དྲག་བཀག་སྡོམ་དང་བཙན་གྱིས་བརྟག་དཔྱད་སྨན་ཁབ་རྒྱག་བཞིན་པ་སོགས་ཀྱི་ཟུར་ཟའི་རི་མོ།
RFA

ཡུལ་ཤུལ་དང་དཀར་མཛེས་བཅས་བོད་ཀྱི་ས་ཁུལ་ཁག་ཅིག་ནང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་པའི་ནད་པ་དང་འབྲེལ་ཐག་ཉེ་བོ་བྱུང་ཡོད་པ་མང་པོ་སླེབས་ཟིན་པ་ཤེས་རྟོགས་བྱུང་བའི་རྗེས། ས་གནས་བོད་མི་མང་པོ་ཞིག་གིས་འཇིགས་སྣང་བྱེད་བཞིན་འདུག་ཅིང་། དེའང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཟེར་བ་དེས་སྤྱི་ཟླ་བཞི་པའི་ཚེས་༣་ཉིན་གནས་ཚུལ་ཕྱིར་བསྒྲགས་བྱས་པར་ལྟར་ན། དེང་སྐབས་རྒྱ་ནག་ཧྲང་ཧེ་དང་། ཅེ་ལེན། ཨང་ཧུཡི་བཅས་ཀྱི་ནང་ཏོག་དབྱིབས་ནད་རྟགས་ཐོན་མཁན་ནད་པ་ཇེ་མང་འགྲོ་བཞིན་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་མཚོ་ཤར་ཁུལ་ཡ་རྫི་རྫོང་དང་། ཟི་ལིང་གྲོང་ཁྱེར་ས་གནས་ཀྱི་ནང་བསྟུན་མར་ནད་རྟགས་ཐོན་མཁན་བྱུང་ཡོད་འདུག སྤྱི་ཟླ་བཞི་པའི་ཚེས་༢་བར་དུ་ཡུལ་ཤུལ་ཁུལ་ནང་ནད་ཡམས་དང་འབྲེལ་བའི་གནས་ཚུལ་ཞིབ་དཔྱོད་བྱས་པའི་བརྒྱུད་རིམ་ཁྲོད་དུ་གོང་ཞུས་ནད་ཡམས་ཁྱབ་བརྡལ་འགྲོ་ཡུལ་དང་འབྲེལ་བ་ཐག་ཉེ་ཅན་གྱི་མི་བདུན་དང་། རིམ་པ་གཉིས་པར་ཐག་ཉེ་འབྲེལ་བ་ཅན་གྱི་མི་༣༧། གཞན་ཡང་ཡར་མར་འགྲོ་བསྐྱོད་བྱེད་མཁན་གྱི་ནད་ཡམས་ཁྱབ་བརྡལ་དང་ཉེན་ཁ་ཡོད་མིན་ཐད་ཀར་ཁ་པར་གྱི་གསང་རྟགས་བརྒྱུད་ནས་ཤེས་རྟོགས་ཐུབ་སྟེ་ཉེན་ཁར་ངོས་འཛིན་བྱས་པའི་མི་༡༢་བྱུང་ཡོད་པ་དེ་དག་ད་ལྟའི་ཆར་སྡེ་ཚན་དང་རིགས་དབྱེ་བགོས་ཀྱིས་དོ་དམ་བཀག་བསྡོམས་འོག་བཞག་ཡོད་འདུག
གོང་ཞུས་གནས་སྟངས་དང་འབྲེལ་ཡུལ་ཤུལ་ས་གནས་རང་གི་བོད་མི་ཁག་ཅིག་ལ་ཁོང་ཚོའི་བསམ་ཚུལ་དང་ད་ལྟའི་ས་གནས་ཀྱི་གནས་སྟངས་བཅར་འདྲི་ཞུས་སྐབས། བོད་མི་ཞིག་གིས་ཁོང་གི་ནང་མི་ཚང་མར་འགོག་ཁབ་ཐེངས་གཉིས་རེ་བརྒྱབ་ཟིན་པའི་ཁར། ནད་ཡམས་བརྟག་དཔྱད་ས་ཚིགས་ས་གནས་གང་སར་ཡོད་པ་མཐོང་སོང་བས་ནད་ཡམས་ཁྱབ་བརྡལ་ཡོངས་སུ་འགོག་ཐུབ་པའི་རེ་བ་བྱེད་བཞིན་ཡོད་པ་བརྗོད་བྱུང་། གཞན་ཡང་བོད་མི་ཞིག་གིས། རྒྱ་ནད་ཀྱི་ནད་ཡམས་འདིས་རྒྱལ་སྤྱིའི་ཕྱོགས་གང་སར་གནོད་པ་ཐེབས་ཡོད་པ་དང་། ད་ལྟའི་ཆར་བོད་ཡུལ་དུ་ཡང་བོད་མི་ཚོར་གནོད་འཚེ་ཁྱབ་ཉེན་འདུག་པས་འཇིགས་སྣང་ཡོང་བཞིན་ཡོད་པ་བརྗོད་པ་དང་སྤྲགས བོད་མི་མང་པོ་གྲོང་ཁྱེར་ཟི་ལིང་དུ་འགྲོ་འདོད་ཡོད་ནའང་། ནད་ཡམས་ཁྱབ་གདལ་གྱི་ཉེན་བརྡའི་གནས་ཚུལ་དེ་གོ་མ་ཐག་འགྲོ་ཕོད་ཀྱི་མེད་པ་བརྗོད་བྱུང་།
རྒྱ་ནག་གཞུང་འབྲེལ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལྟའི་ཆར་ཟི་ལིང་ནང་ཏོག་དབྱིབས་ནད་ཡམས་ནད་རྟགས་ཐོན་ཟིན་པའི་ནད་པ་ལྔ་བྱུང་འདུག་ཅིང་། མཚོ་སྔོན་ཟི་ལིང་ནི་དེང་སང་མདོ་དབུས་ཁམ་གསུམ་ནས་བོད་མི་སྟོང་ཕྲག་མང་པོ་འདུ་སྡོད་ཀྱི་གྲོང་ཁྱེར་ཞིག་ཡིན་ལ། ལྷག་པར་དུ། མཚོ་སྔོན་ཁྱབ་ཁོངས་ཀྱི་བོད་མི་ཁྱིམ་ཚང་སྟོང་ཚོ་མང་པོས་སོ་སོའི་སྡོད་ཁང་ཟི་ལིང་གྲོང་ཁྱེར་ནང་ཉོས་ནས་ནམ་རྒྱུན་བསྡད་ས་དང་། ཡང་ན་གུང་སེང་འགྲོ་ས། སྨན་བཅོས་ཆེད་དུ་ཡོང་གནས་དང་། ཁག་ཅིག་ཕྲུ་གུའི་ཆེད་དུ་ཁང་པ་ཉོས་ནས་ཟི་ལིང་སློབ་གྲྭ་ཁག་གི་ནང་སློབ་འཇུག་སོགས་བྱེད་བཞིན་ཡོད་པ་རེད། བོད་མི་འདུས་སྡོད་གྲོང་ཁྱེར་གཅིག་གི་ནང་ནད་ཡམས་ཕོག་མཁན་གྱི་ནད་པ་ཐོན་ཡོད་པའི་གོ་ཐོས་ཙམ་གྱིས་ཧ་ཅང་འཇིགས་སུ་རུང་བ་ཞིག་ཡིན་པ་བོད་མི་མང་པོས་ངོས་འཛིན་བྱེད་བཞིན་འདུག
སྤྱི་ཟླ་བཞི་པའི་ཚེས་གཉིས་བར་དུ་དཀར་མཛེས་ཁུལ་དུ་ནད་ཡམས་དང་འབྲེལ་བའི་གནས་ཚུལ་ཞིབ་དཔྱོད་བྱས་པའི་བརྒྱུད་རིམ་ཁྲོད། གོང་ཞུས་ནད་ཡམས་ཁྱབ་བརྡལ་འགྲོ་ཡུལ་དང་འབྲེལ་བ་ཐག་ཉེ་ཅན་གྱི་མི་༦དང་། རིམ་པ་གཉིས་པར་ཐག་ཉེ་འབྲེལ་བ་ཅན་གྱི་མི་༧༤། གཞན་ཡང་ནད་ཡམས་ཁྱབ་བརྡལ་དང་ཉེན་ཁ་ཡོད་མིན་ཐད་ཀར་ཁ་པར་གྱི་གསང་རྟགས་བརྒྱུད་ནས་ཤེས་རྟོགས་ཐུབ་པའི་ཉེན་ཁར་ངོས་འཛིན་བྱེད་པའི་མི་༨༩་བྱུང་ནས་ད་ལྟའི་ཆར་དེ་ཚོ་སྡེ་ཚན་དང་རིགས་སོ་སོེར་དབྱེ་བགོས་ཀྱིས་དོ་དམ་བཀག་བསྡོམས་བྱེད་བཞིན་པའི་གནས་སྟངས་ཡོད་པ་བཀོད་འདུག
ད་ལྟའི་ཆར་དཀར་མཛེས་ཕྱོགས་སུ་ཡུལ་སྐོར་སྤྲོ་འཆམ་ཡོང་བར་གནམ་གཤིས་དང་དུས་ཚོད་ཆེས་ཡག་ཤོས་འཁེལ་ཡོད་པས་རྒྱ་ནག་སྐམ་ས་ཆེན་མོ་ནས་མི་ཡར་མར་འགྲོ་བསྐྱོད་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་དང་། ལྷག་པར་དུ་ད་ལྟའི་ཆར་ཡང་རྒྱ་མིའི་དུས་ཆེན་ཞིག་འཁེལ་ནས་གུང་སེང་ཉིན་གྲངས་གསུམ་ཙམ་ཡོད་པར་རྒྱ་མི་མང་པོ་བོད་ནང་ཡུལ་སྐོར་སྤྲོ་འཆམ་ལ་ཡོང་རྒྱུ་ཡིན་པས་ནད་ཡམས་ཁྱབ་བརྡལ་ལ་བོད་མི་མང་པོས་སེམས་ཚབས་བྱེད་བཞིན་ཡོད་པ་དཀར་མཛེས་ཁུལ་རང་ནང་གནས་སྡོད་གནང་མཁན་བོད་མི་གཞན་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
ཉེ་ལམ་ནས་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཐོན་པའི་ནད་པ་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་འོག རྒྱ་ནག་གི་གྲོང་ཁྱེར་ཆེ་ཤོས་ཧྲང་ཧེ་ལྟ་བུ་ཡོངས་སུ་སྒོ་བརྒྱབ་ནས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་ནའང་། གྲོང་ཁྱེར་གཞན་མང་པོར་ཉིན་རེ་བཞིན་ནད་པ་གསར་པ་མང་དུ་བྱུང་བཞིན་ཡོད་པ་རེད། དཔེར་ན། ཟི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ནང་སྤྱི་ཚེས་༣བར་ས་གནས་རང་ནས་ནད་རྟགས་ཐོན་མཁན་ཁྱོན་མི་༡༣བྱུང་ཡོད་པ་རྒྱ་གཞུང་གི་བརྒྱུད་ལམ་ཁག་ནང་གནས་ཚུལ་བཏོན་འདུག་ལ། ཁྲིན་ཏུའུ་གྲོང་ཁྱེར་ནི་བོད་མི་མང་པོ་འདུས་སྡོད་བྱེད་ཡུལ་གྲོང་ཁྱེར་གལ་གནད་ཅན་ཞིག་ཡིན་པ་རེད།
ཉེ་ལམ་སྤྱི་ཟླ་༣ཚེས་༢༧ཉིན་མདོ་སྨད་ཀན་ལྷོ་འམ་མདོ་ལྷོའི་གཙོས་གྲོང་ཁྱེར་དུ་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཡོད་པའི་ནད་པ་གཅིག་ཐོན་པ་ཤེས་རྟོགས་བྱུང་མ་ཐག་གཙོས་གྲོང་ཁྱེར་ཡོངས་སུ་སྒོ་བརྒྱབ་ནས་མི་ཚོ་ཕར་ཚུར་འགྲོ་བསྐྱོད་འགྲུལ་བཞུད་བཀག་སྡོམ་བྱས་ཡོད་པ་འདི་གའི་རླུང་འཕྲིན་ཁང་གི་ཤེས་རྟོགས་བྱུང་ཡོད།

གསར་འགོད་པ། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎