སྒྲོལ་མའི་གཟུངས་སྔགས་འདོན་ན་ཕན་ཐོགས་ཡོད་ལུགས་བརྗོད་པར་བཀག་ཉར།
2020.02.08
ད་ཆ་རྒྱ་ནག་གཞུང་གིས་བོད་ཆབ་མདོ་ཁུལ་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་ཟེར་ནས་བོད་མི་ཚང་མའི་འགྲོ་འདུག་སྤྱོད་གསུལ་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པའི་ཁར། རིམས་ནད་དང་འབྲེལ་བའི་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་བོད་མི་བདུན་ཆབ་མདོ་ཉེན་རྟོག་པས་ཕྱི་ཟླ་༡ པའི་ཟླ་མཇུག་ནས་ད་བར་བཀག་ཉར་བྱས་ཡོད་པ་བོད་ནང་གནས་སྡོད་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་འདི་གའི་རླུང་འཕྲིན་ཁང་ལ་ཡིག་ཐོག་ནས་བརྗོད་གནང་ཡོད།
ཡང་གོང་ཞུས་གནས་ཚུལ་དེ་དང་འབྲེལ་བའི་སྐོར་རྒྱ་ནག་གཞུང་གིས་གནས་ཚུལ་ཞིག་སྤེལ་བའི་ནང་དུ། མི་དམངས་ཁག་ཅིག་གིས་དོན་དངོས་དང་མི་མཐུན་པའི་ཆ་འཕྲིན་ཁྱབ་བསྒྲགས་དང་བརྒྱུད་སྤེལ་བྱས་པ་མ་ཟད། ཐ་ན་དཀྲོག་གཏམ་ཡང་བཟོས་ནས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་ཡོད་ལུགས་བཀོད་འདུག འོན་ཀྱང་། མིང་འབོད་གནང་འདོད་མེད་པའི་གོང་ཞུས་བོད་མི་ཁོང་གིས། ཆབ་མདོ་སྟེང་ཆེན་ནས་ཡིན་པའི་བོད་མི་རྡོ་རྗེ་ཟེར་བ་ཞིག་གིས་ད་སྐབས་ཕྱོགས་གང་སར་ནད་དུག་དེ་ཁྱབ་གདལ་དུ་འགྲོ་བཞིན་ཡོད་པས། ཚང་མས་སྒྲོལ་མའི་གཟུངས་སྔགས་འདོན་ན་ཕན་ཐོགས་ཡོད་ལུགས་རང་ཉིད་སྒེར་གྱི་སྐད་འཕྲིན་སྟེང་བརྒྱུད་བསྐུལ་བྱས་པར་བརྟེན། སྟེང་ཆེན་རྫོང་སྤྱི་བདེ་ཅུས་ཀྱིས་བོད་མི་དེ་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་བཀག་ཉར་བྱས་པ་རེད་ཅེས་བརྗོད་ཡོད་པ་རེད།
ཡང་ཏོག་དབྱིབས་ནད་དུག་གི་དབང་གིས་ཉེ་འཆར་འདས་གྲོངས་སུ་ཕྱིན་པའི་ཝུའུ་ཧན་གྱི་སྨན་པ་ལི་ཝིང་ལན་ལགས་ནི་ཏོག་དབྱིབས་ནད་དུག་ཆེས་ཐོག་མར་ངོས་འཛིན་མཁན་གྲས་ཤིག་ཡིན་ཞིང་། འདས་ལོ་ཕྱི་ཟླ་༡༢ ནང་ཏོག་དབྱིབས་ནད་འབུ་ཆེས་ཐོག་མར་ངོས་ཟིན་ཐོབ་སྟེ་སྨན་པ་རྐྱང་པ་ལས་གྲུབ་པའི་སྐད་འཕྲིན་ཚོགས་པ་ཞིག་གི་ནང་དུ་དེ་སྔ་SARS ནད་གཞི་དང་འདྲ་བའི་ནད་དུག་ཤིག་ཐོན་འདུག་ཅེས་སྨན་པ་ཁོང་གིས་གནས་ཚུལ་སྤེལ་བའི་རྗེས་ཝུའུ་ཧན་གྱི་ཉེན་རྟོག་པས་ཁོང་ལ་དཀྲོག་གཏམ་སྤེལ་མཁན་གྱི་ཉེས་མིང་འོག་བཀག་ཉར་བྱས་ཡོད་པ་མ་ཟད། ཁོང་གིས་སྤེལ་བའི་གནས་ཚུལ་དེ་དངོས་འབྲས་མིན་ཚུལ་བཙན་གིས་ཁས་བླངས་པའི་མིང་རྟགས་བཀོད་བཅུག་ཡོད་འདུག
ད་བར་རྒྱ་ནག་དབུས་པའི་རྒྱལ་སྤྱིའི་ནང་ཏོག་དབྱིབས་ནད་དུག་གི་ནད་པ་མི་གྲངས་༣༤༨༠༠ཙམ་བྱུང་ཡོད་པ་དང་། དེའི་ནང་ནས་རྒྱ་ནག་ནང་ལ་ཆ་མཚོན་ན། ནད་དུག་དེའི་འོག་ནད་པ་གྲངས་༧༢༢ རྐྱེན་འདས་ཕྱིན་ཡོད་པ་དང་། རྟོག་དབྱིབས་ནད་དུག་འགོས་ཡོད་པ་ར་འཕྲོད་བྱུང་བའི་ནད་པ་༣༤༥༤༦ཙམ་བྱུང་བཞག།