ད་ལྟའི་བོད་ཀྱི་གནས་སྟངས་ཐད་སེམས་འཚབ་ཡོད།
2012.09.19
དེ་ཡང་ཇི་ན་ཝ་ལ་ཚོགས་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་རྩོད་གླེང་དང་གོ་བསྡུར་གནང་སྐབས་། ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོས་། བོད་ཀྱི་ད་ཆའི་གནས་ཐོག་ལ་ཁོང་ཚོར་སེམས་འཚབ་ཆེན་པོ་ཡོད་པར་གསུངས་འདུག་ལ། དེའང་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་པས། ཡོ་རོབ་མཐུན་ཚོགས་ངོས་ནས་མུ་མཐུད། ད་ཆ་ཐོན་དང་ཐོན་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་དང་རྒྱབ་འགལ་ཡིན་པའི་རྒྱ་ནག་གི་གནས་ཚུལ་དང་།་ ལྷག་པར་དུ་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་དང་འབྲེལ་བའི་གནད་དོན་དང་། དེ་བཞིན་བོད་དང་ཤིང་ཅང་ཚུད་པའི་རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་སོགས་ཀྱི་ཐོག་སེམས་འཚབ་ཆེན་པོ་ཡོད་ལ། ཡོ་རོབ་མཐུན་ཚོགས་ངོས་ནས་གནད་དོན་དེ་ཚོའི་ཐོག་མུ་མཐུད་རྒྱ་ནག་གི་འགོ་ཁྲིད་མི་སྣ་ཚོ་དང་རིམ་པ་འདྲ་མིན་སྣ་ཚོགས་དང་ཐབས་ལམ་ སྣ་ཚོགས་བརྒྱུད་ཕན་ཚུན་གྲོས་བསྡུར་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་མ་ཟད་། ད་དུང་གོང་ཞུས་ལྷན་ཚོགས་དེའི་ཐོག ཆེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་པ་ཞིག་ནས་་ཀྱང་། ཆེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་། ཇི་སྡུག་ཇི་ཞན་དུ་འགྲོ་བཞིན་པའི་བོད་ཀྱི་གནས་སྟངས་ལ་སེམས་འཚབ་ཆེན་པོ་ཡོད་པ་དང་། ལྷག་དོན་དུ་བོད་མི་གནས་སྡོད་བྱེད་ཡུལ་དུ་ཆོས་ལུགས་ལས་དོན་ལ་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བར་བརྟེན་། བོད་མིས་རང་ལུས་རང་གིས་མེར་བསྲེགས་བཏང་བའི་དོན་རྐྱེན་ཐོན་ཡོད་པ་དང་། ད་དུང་ཡང་ཉེ་ཆར་རྒྱ་ནག་གཞུང་ཕྱོགས་ནས་། སྐུ་ཞབས་ཡོན་ཏན་རྒྱ་མཚོ་ལགས་སོགས་ཚུད་པའི་བོད་མི་རིག་གནས་པ་དང་ཤེས་ལྡན་མི་སྣ་བཙོན་བཅུགས་བྱེད་པའི་གནད་དོན་དེའི་ཐོག་ལའང་སེམས་འཚབ་ཆེན་པོ་ཡོད་པར་གསུངས་ཡོད་པ་དང་། ཡང་ལྷན་ཚོགས་དེའི་ཐོག་སུ་འུད་རྡི་ཤིའི་སྐུ་ཚབ་ཞིག་གིས་ཀྱང་། རྒྱ་ནག་གཞུང་ནས་བོད་དང་ཤིང་ཅང་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་དང་སྲུང་བརྩི་བྱེད་དགོས་པའི་རྒྱ་ནག་གཞུང་ལ་འབོད་སྐུལ་ཡང་ཞུས་གནང་ཡོད་པ་རེད་འདུག