འཛམ་གླིང་ཡུལ་གྲུ་ཁག་ནས་ཤིན་ཅང་ལ་དོ་སྣང་ཡོང་བའི་རེ་བ།

ཤར་ཏུར་ཀི་སི་ཐན་ནང་དུས་ཟིང་བྱུང་བའི་རྗེས་འཛམ་གླིང་ཡུལ་གྲུ་ཁག་གིས་ཤིན་ཅང་གི་གནས་སྟངས་ཐོག་དོ་སྣང་ཡོང་རྒྱུའི་རེ་བ་བྱེད་བཞིན་ཡོད་པ།

2009.07.13

༄༅༎ད་རེས་རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་ནང་དུས་ཟིང་བྱུང་བའི་རྗེས་ཡུ་གུར་མི་རིགས་ཚོས་གོ་སྐབས་དེ་དང་སྟུན་ནས་འཛམ་གླིང་ཡུལ་གྲུ་ཁག་གིས་ཤིན་ཅང་གི་གནས་སྟངས་ཐོག་དོ་སྣང་ཡོང་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་རེད།

ཕེ་རན་སི་གསར་འགྱུར་བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་འཁོད་པར་ཤིན་ཅང་ནང་ཚོང་ལས་གཉེར་མཁན་ཡུ་གུར་མི་རིགས་ཨན་ལྦར་གྱིས་ཁོང་ཁྲོ་ཆེན་པོའི་ངང་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་ཆོས་དང་རིག་ཞུང་ཐོག་དམ་བསྒྲགས་ཆེན་པོ་བྱེད་བཞིན་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅིང་ཁོང་གིས་ཁོ་བོའི་མི་ཚེའི་ནང་ད་རེས་ལྟ་བུའི་གོ་སྐབས་ཡོང་མྱོང་མེད་པ་དང་ད་རེས་ཀྱི་གོ་སྐབས་དེ་དང་སྟུན་ནས་ཨ་རི་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཤིན་ཅང་ནང་མི་སྣ་བཏང་ནས་ཤིན་ཅང་གི་ཡུ་གུར་མི་རིགས་ཚོའི་གནས་སྟངས་དངོས་མཁྱེན་རྟོགས་ཡོང་བ་གནང་ཏེ་ཁོང་ཚོར་རོགས་རམ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་བརྗོད་འདུག ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་ཡུ་གུར་མི་རིགས་ཚོས་རྒྱལ་ས་ཨུ་རུམ་ཆིའི་ནང་ངོ་རྒོལ་རྔམ་སྟོན་བྱས་ནས་མཐར་རྒྱ་ནག་གཞུང་ཕྱོགས་ཀྱི་དྲག་གནོན་འོག་དྲག་ཟིང་དུ་འགྱུར་ཏེ་མི་གྲངས་མང་པོའི་ཚེ་སྲོག་ཤོར་ཡོད་པ་མ་ཟད་ཡུ་གུར་མི་རིགས་མང་པོ་འཛིན་བཟུང་བྱས་པའི་གནས་ཚུལ་འཛམ་གླིང་ཡུལ་གྲུ་མང་པོའི་ནང་ཁྱབ་སྟེ་ཤིན་ཅང་གི་ཡུ་གུར་མི་རིགས་ཚོའི་གནས་སྟངས་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་ཡས་ཤིག་ཆགས་ཡོད་པ་རེད། རྒྱ་ནག་གཞུང་གིས་ཤིན་ཅང་གི་དུས་ཟིང་དེའི་ནང་མི་གྲངས་༡༨༤འཆི་སྐྱོན་བྱུང་བ་བརྗོད་ཀྱི་ཡོད་པ་དང་ཡིན་ནའི་ཕྱི་ཚེས་ལྔ་ཉིན་གྱི་ངོ་རྒོལ་ལས་འགུལ་གྱི་རྗེས་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པ་དང་དེ་རྗེས་རྒྱ་མི་རིགས་ཚོས་ཡུ་གུར་མི་རིགས་ཐོག་གཏོར་རྒོལ་བཏང་བ་སོགས་ཤིན་ཅང་ནང་འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་རྒྱ་ནག་གཞུང་ཕྱོགས་ཀྱི་ཕྱིར་བསྒྲགས་བྱས་པ་ལས་མང་བ་ཡོད་པར་ཕྱི་ཕྱོགས་ནས་ཚོད་རྩིས་བྱེད་ཀྱི་ཡོད་པ་རེད། ཨ་རིའི་ཀེ་ལི་ཕོ་ནི་ཡའི་མཐོ་སློབ་ཁང་དུ་ཨེ་ཤེ་ཡའི་སྡེ་ཚན་ནང་སློབ་གཉེར་གནང་བཞིན་པའི་ཀྲར་ཀི་མི་རིགས་ཡིན་པ་དྲུརུ་གེ་ལེདྲི་ནི་ཡིས་གསུངས་ན་ད་རེས་ཤིན་ཅང་ནང་བྱུང་བའི་དུས་ཟིང་དེ་བརྒྱུད་ཕྱོགས་གཅིག་ནས་ཕྱི་ཕྱོགས་ནས་ཤིན་ཅང་གི་ཡུ་གུར་མི་རིགས་ཚོའི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་བྱུང་ཡོད་ན་ཡང་ཕྱོགས་གཞན་ཞིག་ནས་རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་ཚོ་དྲག་ཟིང་སློང་མཁན་ཡིན་པའི་ཁྱབ་བསྒྲགས་ཤུགས་ཆེ་བྱས་ནས་རྒྱལ་སྤྱིའི་ཐོག་ཡུ་གུར་མི་རིགས་ཚོ་དྲག་སྤྱོད་སྤེལ་མཁན་ཡིན་པ་ལྟ་བུ་བཟོ་གི་ཡོད་པ་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎