བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་དཀའ་ངལ་ཆེ་ཤོས་ནི་དམ་འབུལ་ཞུ་ས་མེད་པ་དེ་ཡིན་འདུག

2023.07.25
བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་དཀའ་ངལ་ཆེ་ཤོས་ནི་དམ་འབུལ་ཞུ་ས་མེད་པ་དེ་ཡིན་འདུག ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། ༠༧།༢༥།༢༠༢༣
བསྟན་འཛིན་འོད་ཟེར། RFA/Dhasa

སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནང་གྲོད་ཆོད་ཡིག་ཆ་ཨང་༣༩པ་བཞག་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་སྡེབ་གཅིག་ཏུ་གནས་དབྱུང་བཏང་བའི་རྗེས། ད་བར་བོད་མིའི་སྤྱི་ཚོགས་ཁྲོད་གནད་དོན་དེ་དང་འབྲེལ་བའི་ཐོག་གླེང་སློང་ཤུགས་ཆེར་བྱས་ཡོད་པ་མ་ཟད། ཁ་སྔོན་སྤྱི་ཟླ་༣པའི་ནང་སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སྟེང་། བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་དོན་ཚན་ཁག་ཅིག་གཏན་འབེབས་གནང་མ་ཐུབ་པར་ལྷག་ཡོད་པ་དང་། ད་ལྟའི་ཆར་དཀའ་ངལ་ཆེ་ཤོས་ཤིག་ནི་དམ་བཅའ་ཕུལ་ས་མེད་པའི་དཀའ་ངལ་དེ་ཡིན་པ་རེད།
དེར་བརྟེན། དཀའ་ངལ་དེ་དག་སེལ་སླད་སྐབས་༡༧པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཆོད་དགོངས་དོན་བཞིན། ཚོགས་གཙོ་སྦྲེལ་པོས་ཆོལ་ཁ་གསུམ་ནས་སྤྱི་འཐུས་རེ་རེ་དང་། ཆོས་བརྒྱུད་ནས་སྤྱི་འཐུས་གཅིག ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྤྱི་འཐུས་གཅིག་བཅས་ཚོགས་མི་ལྔ་ལས་གྲུབ་པའི་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ཞིག་ཆེད་འཛུགས་གནང་ཡོད་པ་དང་། ཚོགས་ཆུང་དེའི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། ཚོགས་ཆུང་གི་ལས་འགན་གཙོ་བོ་ཞིག་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་རང་སོར་གནས་ཐོག་ད་དུང་གསལ་ཁ་མེད་པའི་སྐྱོན་གནད་རྣམས་བསྐྱར་བཅོས་ཇི་དགོས་སོགས་བསྐྱར་ཞིབ་གནང་རྒྱུ་དེ་ཡིན་པ་དང་། བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་དཀའ་ངལ་ཆེ་ཤོས་ནི་དམ་འབུལ་ཞུ་ས་མེད་པ་དེ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཉེ་ལམ་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། བོད་མིའི་ཚོགས་སྒེར་སུ་ཐད་ནས་ཁྲིམས་སྒྲིག་བསྐྱར་བཅོས་དང་འབྲེལ་བའི་དགོངས་ཚུལ་ཡོད་ཚེ། ཡིག་ཐོག་ནས་སྤྱི་ལོ་༢༠༢༣ལོའི་སྤྱི་༩ཚེས་༢འགྱངས་མེད་ཚོགས་དྲུང་ལས་ཁུངས་བརྒྱུད་འབུལ་དགོས་བ་བསྒྲགས་ཡོད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས། རྒྱ་གར་ནང་གནས་སྡོད་བཙན་བྱོལ་བོད་མི་ཁག་ཅིག་ལ་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་གནད་དོན་ཐད་བཅར་འདྲི་ཞུས་པར། མི་མང་ཕལ་ཆེ་བས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་བཞག་གི་ཆ་རྐྱེན་འོས་ཆོས་སོགས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་དགོས་གལ་ཆེ་བའི་སྐོར་འགྲེལ་བརྗོད་གནང་གི་འདུག
རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་གནས་བཞུགས་བཟང་པོ་ཚུལ་ཁྲིམས་ལགས་ཀྱིས། ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གིས་གསལ་བསྒྲགས་སྤེལ་བ་བཞིན། སྤྱི་འཐུས་ཀྱི་ཤེས་ཚད་དང་ལས་ཡུན། དེ་བཞིན་དམ་བཅའ་འབུལ་ཕྱོགས་སོགས་ཚུད་པའི་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་དོན་ཚན་ལྔ་ཅན་གྱི་འཕྲིན་ཡིག་ཞིག་བཏང་ཡོད་ཟེར།
ཡང་རྒྱ་གར་ལྷོ་ཕྱོགས་སུ་གནས་སྡོད་བསམ་དཀྱིལ་དབང་རྒྱལ་ལགས་ཀྱིས། རིང་མིན་སྤྱི་ཟླ་༩ པའི་གྲོས་ཚོགས་ནང་། བཅའ་ཁྲིམས་བསྐྱར་བཅོས་གནང་སྟེ། ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བསྐོ་བཞག་ཐུབ་པའི་རེ་བ་ཡོད་པ་གསུང་གི་འདུག
ད་ལྟའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་དང་། ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་གཞན་གཉིས། སྲིད་སྐྱོང་དང་བཀའ་བློན་རྣམ་པ། དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་སྤྱི་ཁྱབ་པ་སོགས་འོས་བསྡུ་ཟིན་ཏེ། ལས་དོན་དུ་མ་ཞུགས་གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་སར་དམ་འབུལ་ཞུ་དགོས་པ་འཁོད་ཡོད་པ་ལས། ཁྲིམས་ཞིབ་པ་ཆེ་བ་ས་གནས་སུ་མེད་སྐབས་ལས་ཚབ་བམ་ཁྲིམས་ཞིབ་གཞན་གཉིས་མདུན་སར་དམ་འབུལ་དགོས་པའི་ཆ་རྐྱེན་སོགས་ཁ་གསལ་བཀོད་མེད་པ་མ་ཟད། ད་དུང་བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་ནང་། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས། ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་གསུམ་ཀ་སྡེབ་གཅིག་ཏུ་གནས་འབྱུང་གཏོང་ཆོག་མིན་ཐད་ཁ་གསལ་འཁོད་མེད་པར་བརྟེན། སྤྱི་ཚོགསསྟེང་སློང་ཤུགས་ཆེར་བྱས་ཡོད་པ་རེད།
ལ་དྭགས་ནས་ཡིིན་པའི་བསོད་ནམས་རྒྱལ་པོ་ལགས་ཀྱིས། ད་ལྟའི་སྤྱི་འཐུས་ཚོའི་ལྟ་སྤྱོད་ལ་འགྱུར་བ་མ་འགྲོ་བ་ཡིན་ན། བཅའ་ཁྲིམས་བསྐྱར་བཅོས་བྱས་བ་ཡིན་ནའང་ཕན་ཐོགས་མེད་པའི་དགོངས་ཚུལ་གསུངས་བྱུང་།
རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་ནས་ཡིན་པའི་སངས་ཆུང་ནོར་བུ་ལགས་ཀྱིས། ཆོས་བརྒྱུད་སྤྱི་འཐུས་འོས་བསྡུའི་ནང་བོད་མིའི་སྐྱ་སེར་ཕོ་མོ་དབྱེ་མེད་ཀྱི་ཆ་ཤས་ལེན་རྒྱུའི་ཆ་རྐྱེན་བསྐྱར་བཅོས་དགོས་པ་དགོངས་ཚུལ་གསུང་གི་འདུག
ཡང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་བོད་མིའི་གཞིས་ཆགས་ནས་ཡིན་པའི་ཀུན་དགའ་རྒྱལ་ལགས་ཀྱིས། བཅའ་ཁྲིམས་བསྐྱར་བཅོས་ཐོག་ལ་མི་མང་གི་བསམ་ཚུལ་མི་དགོས་པར། མི་མང་གི་ངོ་ཚབ་མཚོན་པའི་སྤྱི་འཐུས་རྣམ་པས་ཐག་གཅོད་ཡག་པོ་ཞིག་གནང་བའི་རེ་བ་ཡོད་པ་གསུང་གི་འདུག
གཞན་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་བཅུ་གཅིག་གི་ནང་གསེས་དང་པོའི་ནང་། བཅའ་ཁྲིམས་འདིའི་སྔོན་གླེང་དང༌། ལེའུ་དང་པོའི་དོན་ཚན་དང་པོ་དང་གསུམ་པ། བཞི་པ། ལེའུ་གཉིས་པ་དང་གསུམ་པའི་དོན་ཚན་ཡོངས་རྫོགས་ཕུད། དེ་མིན་དོན་ཚན་གང་རུང་ལ་སྣོན་འཕྲི་བསྐྱར་བཅོས་དགོས་གལ་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་གཏན་འབེབས་བྱས་པའི་ཁྲིམས་འཆར་ལ་སྲིད་སྐྱོང་གིས་ཆོག་མཆན་མཚན་རྟགས་བཀོད་པའི་ཁྲིམས་ཡིག་གི་སྒོ་ནས་བསྐྱར་བཅོས་ཆོག་རྒྱུ་ཞེས་འཁོད་ཡོད་པ་རེད།


གསར་འགོད་པ། བློ་བཟང་དགེ་ལགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎