བོད་མིའི་སྒྲིག་འཛུགས་ནི་གཞིས་བྱེས་གཉིས་ཀྱི་བོད་མིའི་ངོ་ཚབ་མཚོན་ཐུབ་པའི་སྒྲིག་འཛུགས་ཤིག་ཡིན་ཞེས། བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གཞུང་ལ་ལན་འདེབས་གནང་ཡོད་པ།

2025.01.14
བོད་མིའི་སྒྲིག་འཛུགས་ནི་གཞིས་བྱེས་གཉིས་ཀྱི་བོད་མིའི་ངོ་ཚབ་མཚོན་ཐུབ་པའི་སྒྲིག་འཛུགས་ཤིག་ཡིན་ཞེས། བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གཞུང་ལ་ལན་འདེབས་གནང་ཡོད་པ། བོད་ཀྱི་སྟོད་དིང་རི་ཕྱོགས་སུ་ས་ཡོམ་གྱི་གནོད་ཐེབས་ས་ཁུལ། ཟླ་ཚེས་མི་གསལ།
མི་སེར་གྱི་འདྲ་པར།

བོད་ནང་གི་གཞིས་ཀ་རྩེ་ས་ཁུལ་གྱི་དིང་རི་རྫོང་ཁོངས་གཙོས་པའི་ས་ཁུལ་ཁག་ཅིག་ཏུ་ས་ཡོམ་ཚད་རིམ་ ༧་༡ ཅན་ཞིག་བརྒྱབ་སྟེ་བོད་མི་མང་པོའི་ཚེ་སྲོག་ཤོར་བ་དང་། རྨས་སྐྱོན་དང་འཚོ་བའི་རྟེན་གཞི་ལ་གྱོང་གུན་འཚབ་ཆེ་ཤོར་བ་སོགས་ཀྱི་སྐབས་འདིར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་འདི་ཚེས་ ༡༢ ཉིན་གསར་ལམ་ཁག་ཅིག་ཏུ་ཡོངས་ཁྱབ་ཀྱི་གསུང་འཕྲིན་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ས་ཡོམ་གོད་ཆག་ཐེབས་པའི་མང་ཚོགས་ཚོར་རྒྱ་ནག་གཞུང་གིས་གཞི་རིམ་གྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། བོད་མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་གཞི་ལ་བཞག་པའི་ཐོག་ནས། ངལ་སེལ་རོགས་སྐྱོར་གང་ཡོང་གནང་རོགས་ཞེས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་ཡོད་པ་ལུང་འདྲེན་གྱིས། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་གསར་འགོད་ལྷན་ཚོགས་ཐོག་ཟླ་ ༡ ཚེས་༡༣ ཉིན་ཕྱི་རྒྱལ་གསར་འགོད་པས་རྒྱ་ནག་གཞུང་གི་མགྲིན་ཚབ་པར་དྲི་བ་གནང་བར། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ (Guo Jiakun) ཀོའོ་ཅཱ་ཁུན་ནས།“བཙན་བྱོལ་བོད་གཞུང་ནི་ཁ་བྲལ་རིང་ལུགས་པ་འཁྲུལ་མེད་ཀྱི་ཆབ་སྲིད་སྡེ་ཁག་ཅིག་ཡིན་པ་དང་། དེ་ལ་འཛམ་གླིང་གི་རྒྱལ་ཁབ་སུས་ཀྱང་ངོས་ལེན་མེད་པ། ང་ཚོས་ཁོ་ཚོའི་ཁ་བྲལ་གྱི་རང་བཞིན་དང་ཆབ་སྲིད་ཀྱི་དགོས་དམིགས་ཐོག་ཕྱོགས་ཡོངས་ནས་དོ་སྣང་བྱེད་ཀྱི་ཡོད་”ཅེས་བཤད་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ནས། ཟླ་ ༡ ཚེས་ ༡༤ ཉིན། ས་ཡོམ་གོད་ཆག་བྱུང་སྐབས་རྒྱལ་སྤྱིའི་ནང་དང་འབྲེལ་ཡོད་སུ་ལ་ཡིན་ནའང་ས་ཡོམ་བྱུང་ཁུལ་དུ་རོགས་སྐྱོར་གྱི་འབོད་སྐུལ་ཞུས་མ་ཆོག་པ་རྩ་བ་ནས་མེད་ཅིང་། བོད་ནང་གི་བོད་མི་ཚོས་བོད་མིའི་སྒྲིག་འཛུགས་ལ་གདེང་འཇོག་ཆེན་པོ་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ནི་གཞིས་བྱེས་གཉིས་ཀྱི་བོད་མིའི་ངོ་ཚབ་མཚོན་ཐུབ་པའི་སྒྲིག་འཛུགས་ཤིག་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་གིས་ས་ཡོམ་གྱི་གོད་ཆག་ཐེབས་པའི་དིང་རི་རྫོང་དུ། དམག་མི་དང་ཉེན་རྟོག་པས་རོགས་སྐྱོར་གྱི་རྣམ་འགྱུར་མཚོན་པའི་ཁྱབ་བསྒྲགས་ཤུགས་ཆེ་སྤྱི་ཚོགས་དྲ་ལམ་དང་གཞུང་འབྲེལ་གྱི་བརྒྱུད་ཁག་ནང་སྤེལ་བཞིན་ཡོད་ཀྱང་། བོད་ཀྱི་ས་ཁུལ་ཁག་གང་ས་ནས་རོགས་སྐྱོར་དུ་འབྱོར་བའི་བོད་མི་སྤྱི་སྒེར་མང་པོ་གཞིས་རྩེ་གྲོང་ཁྱེར་གྱི་ཉེ་ཁུལ་ཅིག་ཏུ་བཀག་འགོག་བྱས་ཏེ་ཆོག་མཆན་ཞུ་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་མ་ཟད། ས་ཡུལ་དངོས་ལ་འབྱོར་བའི་རོགས་སྐྱོར་བ་ཚོ་ལའང་སྐད་ཆ་གང་བྱུང་བཤད་མི་ཆོག་པ་དང་། ས་གནས་མི་མང་གིས་ཀྱང་རྣམ་འགྱུར་གང་བྱུང་སྟོན་མི་ཆོག་པའི་བཙན་བཀའ་བཏང་ཡོད་པར། ས་གནས་བོད་མི་མང་པོས་རོགས་སྐྱོར་གནང་མཁན་ཚོར་ལན་འདེབས་ཡག་པོ་གནང་མི་ཕོད་པ་དང་། ཐ་ན་སྐྱོ་སྣང་གི་རྣམ་འགྱུར་ཙམ་སྟོན་རྒྱུར་ཡང་ཞེད་སྣང་བྱ་དགོས་པའི་གནས་སུ་གྱུར་ཡོད་འདུག

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎