༧གོང་ས་མཆོག་གིས་བལ་ཡུལ་གྱི་གོད་ཆག་ཐད་གསུངས་འཕྲིན།


2015.04.28
བལ་ཡུལ་ལ་ས་ཡོམ་གྱི་གནོད་འཚེ་བྱུང་སྐབས་ཀྱི་མཆོད་རྟེན་བྱ་རུང་ཁ་ཤོར། ༢༠༡༥།༤།༢༦ བལ་ཡུལ་ལ་ས་ཡོམ་གྱི་གནོད་འཚེ་བྱུང་སྐབས་ཀྱི་མཆོད་རྟེན་བྱ་རུང་ཁ་ཤོར། ༢༠༡༥།༤།༢༦
མཐུན་འགྱུར་པར་རིས།

༧གོང་ས་མཆོག་གིས་བལ་ཡུལ་གྱི་གོད་ཆག་ཐད་གསུངས་འཕྲིན་བསྩལ་བ་དང་བོད་མིའི་སྒྲིག་འཛུཊ་ཀྱིས་དཀའ་སྡུག་སེལ་ཆེད་ཞལ་འདེབས་གནང་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཟླའི་ཚེས་༢༦་ཉིན་བལ་ཡུལ་གྱི་སྲིད་བློན་Sushil Koiralaམཆོག་ལ་གསུང་འཕྲིན་ཞིག་བསྩལ་གནང་པ་དང་། དེའི་ནང་ད་རེས་བལ་ཡུལ་ནང་ས་ཡོམ་ཤུགས་ཆེ་བྱུང་བར་༧མགོན་པོ་གང་ཉིད་ཐུགས་ཕམ་ཧ་ཅང་ཆེན་པོའི་སྒོ་ནས་གདུང་སེམས་མཉམ་བསྐྱེད་མཛད་དོན། བལ་པོ་དང་བོད་གཉིས་ནི་ལོ་རྒྱུས་ཐོག་ནས་ཁྱིམ་མཚེས་ཀྱི་འབྲེལ་བ་རྒྱུན་རིང་ནས་གནས་ཡོད་པ་མ་ཟད། བོད་མི་སྐྱབས་བཅོལ་བ་མང་པོ་ཞིག་ད་ལྟ་བལ་ཡུལ་ནང་གནས་སྡོད་བྱེད་བཞིན་ཡོད། དེར་བརྟེན་ཐེངས་འདིར་རང་བྱུང་གི་གོད་ཆག་འོག་རྐྱེན་འདས་སུ་བྱུང་བ་རྣམས་ལ་གསོལ་འདེབས་སྨོན་ལམ་བྱེད་རྒྱུ་དང་། ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་མ་ཟད། རྨས་སྐྱོན་ཕོག་པ་རྣམས་མགྱོགས་ནས་མྱུར་དུ་དྲག་སྐྱེད་ཡོང་བའི་གསོལ་འདེབས་ཞུ་རྒྱུ་ཡིན། བལ་ཡུལ་མི་མང་རྣམས་ཀྱི་དཀའ་སྡུག་ལ་གདུང་སེམས་མཉམ་བསྐྱེད་ཆེད་ངོས་ཀྱི་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་ལ་ངལ་སེལ་རོགས་དངུལ་ཆེད་ཞལ་འདེབས་འབུལ་དགོས་སྐོར་བཀོད་མངགས་བྱས་ཡོད་ཅེས་གསུང་འཕྲིན་བསྩལ་གནང་མཛད་འདུག
བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཀྱང་ཛ་དྲག་གི་ཚོགས་འདུ་བསྐོངས་ཏེ། བལ་ཡུལ་དང་། རྒྱ་གར་བྱང་ཤར་ཁུལ། དེ་བཞིན་བོད་ནང་བཅས་སུ་ས་ཡོམ་བརྒྱབ་པར་བློ་ཕམ་དང་བཅས་ཚེས་ ༡༧ ཉིན་གྱི་ཆུ་ཚོད་ ༤ པའི་སྟེང་ཐག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་དང་། བལ་སྒོར་འབུམ་ ༢༠ ཙམ་གནང་སྟེ་ངལ་སེལ་རོགས་སྐྱོར་བྱ་རྒྱུ། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་དང་གཞིས་ཆགས་ཁག་གི་ས་གནས་མགོ་འཛིན་བཅས་པར་བལ་ཡུལ་ས་ཡོམ་ཐད་ངལ་སེལ་ཞལ་འདེབས་འདུ་སློང་གནང་དགོས་པའི་བཀོད་ཁྱབ་གནང་ཡོད་འདུག
དེ་བཞིན་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་དང་། དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་གོད་ཆགས་བྱུང་བའི་མི་མང་རྣམས་ལ་ཐུགས་གསོའི་འཚམས་འདྲི་གནང་བ་དང་། རོགས་རམ་ཞལ་འདེབས་གནང་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎