གོ་མཚོན་མེད་པའི་གོ་ལ་དང་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་གལ་ཆེ། ༧གོང་ས་མཆོག་གིས།

2023.02.28
གོ་མཚོན་མེད་པའི་གོ་ལ་དང་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་གལ་ཆེ། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་རྒྱ་གར་གྱི་སློབ་ཕྲུག་ཚོར་བཀའ་སློབ་གནང་བཞིན་པ། ༠༢།༢༨།༢༠༢༣
RFA / Dhasa

རྒྱ་གར་ཧ་ར་ཡ་ན་མངའ་སྡེའི་ནང་རྟེན་གཞི་བྱས་པའི་སློབ་ཕྲུག་ཉམས་ཐག་ཚོར་རོགས་སྐྱོར་གནང་མཁན་(M3M)་ཞེས་པའི་ཚོགས་པས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་༢པའི་ཚེས་༢༨ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རྭའི་ནང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། གོང་ཞུས་ཚོགས་པ་དེ་ཉིད་ཀྱིས་སྣེ་ཁྲིད་པའི་རྒྱ་གར་གྱི་སློབ་གྲྭ་འདྲ་མིན་ཁག་བཞི་ནས་ཕེབས་པའི་སློབ་ཕྲུག་༡༥༠ཙམ་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་བའི་སྐབས། ༧གོང་ས་མཆོག་གིས། ད་བར་མི་རིགས་དབྱེ་འབྱེད་དང་ཆོས་ལུགས་སོགས་ཀྱི་མིང་ཐོག་ནས་འགྲོ་བ་མི་ལ་དཀའ་ངལ་ཤུགས་ཆེར་འཕྲད་ཡོད་པས། དེ་དག་གི་མྱོང་བ་གཞིར་ལ་བཞག་པའི་ཐོག་ནས་ཚང་མས་གོ་མཚོན་གྱི་རིགས་མེད་པ་བཟོས་ཏེ། གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་དགོས་གལ་ཆེ་ཞིང་། དེ་ནི་ང་ཚོ་ཚང་མར་འཁྲིས་པའི་གཅིག་མཚུངས་ཀྱི་འོས་འགན་དེ་ཡང་ཡིན། ངའི་ཆོས་ལུགས་དང་ངའི་རྒྱལ་ཁབ་ཟེར་བའི་བསམ་བློ་དེ་དོར་བའི་དུས་ལ་སླེབས་ཡོད། ངོས་འཚོ་བའི་རིང་འདིར་འཛམ་གླིང་ནང་དོན་དམ་གྱི་ཞི་བདེ་དར་ཁྱབ་ཡོང་བའི་རེ་བ་ཞུ་བཞིན་ཡོད་ཅེས་དང་། ངོས་ཀྱི་མི་ཚེ་ཧྲིལ་པོའི་ནང་སེམས་ཀྱི་ཞི་བདེ་གོང་འཕེལ་དང་འབྲེལ་བའི་ལས་དོན་གཉེར་རྒྱུ་ཐག་གཅོད་བྱས་པ་ཡིན། དེ་ཡང་འགྲོ་བ་མི་གཞན་ལྷན་དུ་གོ་བསྡུར་དང་མཉམ་སྤྱོད་ཀྱི་ལམ་ནས་ནང་སེམས་ཀྱི་ཞི་བདེ་སྤེལ་ཐབས་བྱེད་ཀྱི་ཡོད། ཕྱིའི་དངོས་པོ་ཡར་རྒྱས་འགྲོ་བཞིན་པ་དེ་ནང་སེམས་ཞི་བདེ་གོང་འཕེལ་ཐོག་གཞོགས་འདེགས་བྱེད་པ་ཡིན་ན། ཡག་པོ་ཞེ་དྲགས་རེད། དེ་ལས་ལྡོག་སྟེ། ཕྱིའི་དངོས་པོ་ཡར་རྒྱས་དེ་འགྲོ་བ་མི་ཕན་ཚུན་གསོད་རེར་གཏོང་རྒྱུའི་ངོ་བོ་ཕྱོགས་སུ་ཕྱིན་པ་ཡིན་ན། ཧ་ཅང་གི་ཐབས་སྡུག་རེད། ལྷག་དོན་དེང་གི་ཚན་རིག་གིས་འཛམ་གླིང་ཞི་བདེ་གོང་འཕེལ་ཐོག་ཤུགས་ནུས་ངེས་པར་དུ་རྒྱག་དགོས་ཅེས་དཀའ་གནང་སོང་།
ད་དུང་སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ང་ཚོ་འགྲོ་བ་མི་ཚང་མས་གཅིག་གྱུར་དང་གཅེན་གཅུང་གི་འདུ་ཤེས་ཡོད་པའི་སྒོ་ནས་གནས་དགོས། ལྷག་པར་དུ་འཕགས་བོད་གཉིས་དབར་དམིགས་བསལ་འབྲེལ་བ་ཡོད་ལ། བོད་ཀྱི་ནང་ཆོས་དང་སྐད་ཡིག་བཅས་ནི་རྒྱ་གར་ནས་དར་སྤེལ་བྱུང་ཡོད། དེ་ཡང་བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་དང་འཁྲུངས་ས་བསྐྱོན་དེ་རྒྱ་ནག་གི་ཁ་ཟས་རིགས་ལ་རོལ་ཡོད་པ་ནི་བརྗོད་མི་དགོས་ཤིག་རེད། འོན་ཀྱང་། བོད་ཡིག་གསར་དུ་བཟོས་ཏེ་རྒྱ་ཡིག་ལ་དཔེ་ལྟ་མི་དགོས་པར་བཟོས་ཡོད། དེ་ནས་དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་གྱིས་དཔལ་ནཱ་ལེན་དྲའི་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་ཞུས་ཀྱིས། ཁུལ་དེར་ནང་ཆོས་དམིགས་བསལ་དར་ཁྱབ་བྱུང་ཡོད་ཅེས་བཀའ་གནང་སོང་།

Dalai lama india student (1).jpg
དེ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་ཕྲུག་ཚོའི་དྲི་བར་ཐུགས་བརྩེ་བ་ཆེན་པོས་བཀའ་ལན་གནང་བའི་སྐབས། དུས་རྟག་ཏུ་བདེ་སྐྱིད་དང་ཞི་བདེ་གོང་འཕེལ་གཏོང་མཁན་མི་རྣམས་ཀྱི་རྗེས་སུ་འབྲང་དགོས་པ་ལས། བཟང་སྤྱོད་མེད་པའི་ཁར། འགྲོ་བ་མི་གཞན་ལ་གནོད་འཚེ་གཏོང་མཁན་རིགས་ཀྱི་རྗེས་སུ་འབྲང་པ་ཡིན་ན། ནོར་འཁྲུལ་ཡིན་པ་བཀའ་གནང་ཞིང་། སོ་སོའི་ངོས་ནས་རྒྱུན་དུ་བཟང་པོའི་ཡོན་ཏན་གོང་མཐོར་དང་ནང་སེམས་ཞི་བདེ་གནས་ཐབས་སོགས་ལ་འབད་དགོས་གལ་ཆེ་བའི་སྐོར་བཀལ་སློབ་ལམ་སྟོན་ཕེབས་གནང་སོང་།
རྒྱལ་ས་ལྡི་ལི་ནས་ཡིན་པའི་སློབ་མ་ཀེ་ཡན་ཀ་ནུ་ཌི་ཡ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཡུན་རིང་རེ་སྒུག་བྱེད་པའི་རྨི་ལམ་དེ་དེ་རིང་མངོན་འགྱུར་བྱུང་སོང་ལ། ང་ལ་ཡང་དམིགས་བསལ་མཇལ་ཁ་དང་ཕྱག་དབང་གནང་སོང་བས། ཧ་ཅང་གི་སྐལ་བ་བཟང་ངོ་གསུང་བྱུང་།
ཡང་རྒྱ་གར་(Uttra Pradesh)་མངའ་སྡེ་ཡིན་པའི་སློབ་མ་ཝར་ཏི་ཀ་ལགས་ཀྱིས། འགྲོ་བ་མི་ཕན་ཚུན་འཛུམ་མདངས་སྟོན་རེར་བྱེད་རྒྱུ་ནི་གལ་ཆེ་ཡིན་པ་མ་ཟད། མི་བཟང་པོ་ཞིག་ཇི་ལྟར་བྱེད་དགོས་མིན་ཐད་བཀའ་སློབ་ཕེབས་སོང་བས་ཧ་ཅང་གི་སེམས་ལ་ཟུག་པོ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་ཚོགས་པ་སྤྱི་ཚོགས་ནང་དཔལ་འབྱོར་ཞན་པའི་སློབ་ཕྲུག་ཉམས་ཐག་ཚོར་རོགས་སྐྱོར་གནང་མཁན་(M3M)་ཚོགས་པའི་གཙོ་འཛིན་སྐུ་ཞབས་བྷ་སཱ་ནཐ་བྷང་སལ་ལགས་ཀྱིས། ད་རེས་༧གོང་ས་མཆོག་གི་གསེར་ཞལ་དངོས་སུ་མཇལ་ཏེ། བཀའ་སློབ་ལམ་སྟོན་ཞུ་རྒྱུ་བྱུང་བར་ང་ལ་སེམས་ཤུགས་ཕར་མ་ཞིག་སྐྱེས་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
རོགས་སྐྱོར་ཚོགས་པ་(M3M Foundation)་ཞེས་པའི་ཚོགས་པ་དེ་ནི། སྤྱི་ལོ་༢༠༡༩ལོར་ཐོག་མར་གསར་འཛུགས་གནང་སྟེ། ད་བར་རྒྱ་གར་ནང་ན་གཞོན་ཉམས་ཐག་༥༠༠༠༠ལྷག་དང་ཕྲུག་གུ་༦༠༠༠ལྷག་ལ་མཐུན་འགྱུར་རོགས་རམ་གནང་འདུག


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎