བོད་མིའི་སྒྲིག་འཛུགས་ཀྱིས་བོད་གཞིས་བྱེས་ལྷ་སྡེ་མི་སྡེ་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་རེད།
དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ཟླ་༣པའི་ཚེས་ ༡༥རེས་གཟའ་ལྷག་པ་ཉིན། རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་གཞིས་བྱེས་ལྷ་སྡེ་མི་སྡེ་ཡོངས་ཀྱི་ཚབ་ཞུས་ཏེ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྐུ་གེགས་ཀྱི་མཚན་མ་ཅི་མཆིས་རྨེག་མེད་དུ་ཞི་ནས་སྐུ་ཚེ་ཡུན་དུ་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་ཆེད་དུ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག
༧གོང་ས་མཆོག་ལ་བརྟན་བཞུགས་འདེགས་འབུལ་གྱི་མཛད་རིམ་དེ་བཞིན། རྒྱ་གར་ནང་གི་སྔ་དྲོ་ཆུ་ཚོད་༨་༠༠ནས་༩དང་ཕྱེད་བར་དྲ་ལམ་བརྒྱུད་ཐད་གཏོང་གནང་རྒྱུ་ཡིན་འདུག
གཞན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང་སྐུ་ཚེ་ཞབས་པད་བརྟན་པའི་ཆེད། རིང་མིན་ཕྱི་ཟླ་༤པའི་ཚེས་༥ཉིན་རྒྱ་གར་མ་སུ་རི་བོད་ཁྱིམ་སློབ་གྲྭ་དང་གཏན་འཇགས་སློབ་གྲྭ་གཉིས་ཀྱི་དགེ་ལས་སློབ་མ་དང་སློབ་ཟུར། དེ་བཞིན་པ་ཆ་མ་རིའི་གཏན་སློབ་ཀྱི་སློབ་ཟུར་བཅས་ཚོགས་པ་ཁག་ཅིག་ནས་ཀྱང་མཉམ་དུ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུ་གཏན་འཁེལ་འདུག
གཞན་ཡང་རེས་གཟའ་ཟླ་བའི་ཉིན། རྒྱ་གར་ལྷོ་ཕྱོགས་ཀྱི་གནས་མཆོག་(Amravati)་ས་གནས་ཀྱི་རྒྱ་གར་གྱི་དཔོན་རིགས་མཐོ་གྲས་(Laxmaiah)་ལགས་བཞུགས་སྒར་དུ་ཆེད་བཅར་གྱིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་པའི་ཐོག རྒྱ་གར་དང་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་ཁག་གི་ནང་པའི་རྒྱལ་ཁབ་ཁག་ལ་ནང་ཆོས་ལ་སྲུང་སྐྱོབ་དང་ནང་ཆོས་དར་སྤེལ་ཆེད་མངའ་སྡེ་དེའི་(Nalgonda)་རྗོང་ཁོངས་སུ་ཡོད་པའི་(Nagarjunasagar)་ས་གནས་སུ། སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་སྐུ་ཚད་ཆེ་འབྲིང་ཆུང་གསུམ་ཡོད་པའི་སྟོན་པའི་སྐུ་བརྙན་གྲངས་༡༢༠༠ཙམ་དང་། མཆོད་རྟེན་༡༣་ཙམ་གསར་བཞེངས་གནང་ཡོད་པ་ངོ་སྤྲོད་ཞུས་ནས། ༧གོང་ས་མཆོག་དེར་ཆེད་ཕེབས་ཡོང་བའི་གསོལ་འདེབས་ཞུས་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་ལྟར་ཆེད་ཕེབས་གནང་ཐུབ་པའི་ཐུགས་རེ་གནང་རྒྱུ་ཡིན་པ་བཀའ་ལན་གནང་ཡོད་འདུག
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།