འཛམ་གླིང་ནང་འཚེ་བའི་རིགས་ཇེ་ཉུང་དུ་གཏོང་དགོས་པ་༧གོང་ས་མཆོག་གིས་བཀའ་བསྩལ་ཡོད་འདུག

2023.05.08
འཛམ་གླིང་ནང་འཚེ་བའི་རིགས་ཇེ་ཉུང་དུ་གཏོང་དགོས་པ་༧གོང་ས་མཆོག་གིས་བཀའ་བསྩལ་ཡོད་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གཞུང་ལྷན་ཚོགས་ཀྱི་སྒྱུ་རྩལ་མགྲིན་ཚབ་པ་འབུམ་རམས་པ་(Guila Clara)་ལགས་སུ་མཇལ་ཁ་བསྩལ་སྐབས། ༠༥།༠༨།༢༠༢༣
OHHDL

སྤྱི་ཟླ་༥པའི་ཚེས་༨ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། ཚན་རྩལ། རིག་གཞུང་ལྷན་ཚོགས་ཀྱི་ཁྱབ་ཁོངས་ཀྱི་སྒྱུ་རྩལ་དང་ཞི་བདེ་དར་འཕེལ་(UNESCO Artist for Peace)་གྱི་མགྲིན་ཚབ་པ་འབུམ་རམས་པ་གྷུཧི་ལ་ཁེ་ལ་ར་(Guila Clara)་ལགས་སུ་དམིགས་བསལ་མཇལ་ཁ་བསྩལ་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས། འཛམ་གླིང་ཞི་བདེ་ཡོང་བར་ཤེས་ཡོན་གཅིག་པུའི་འདང་གི་མེད་པས་འགྲོ་བ་མིའི་རྣམ་དཔྱོད་ཀྱི་ལམ་ནས་བྱམས་བརྩེ་གོང་འཕེལ་གྱིས། འཛམ་གླིང་ནང་འཚེ་བའི་རིགས་ཇེ་ཉུང་དུ་གཏོང་དགོས་པ་བཀའ་གནང་ཡོད་པ་ཁོང་མོས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བུད་མེད་ཀྱི་ཐོབ་ཐང་གི་གལ་གནད་སྐོར་དང་། ལྷག་པར་དུ་ཨ་མའི་བྱམས་སྐྱོང་ལ་བརྟེན་ནས་ང་ཚོ་ཚར་ལོངས་བྱུང་སྟངས་ཀྱི་བརྒྱུད་རིམ་ལ་གཞིགས་ཏེ། ང་ཚོས་ངེས་པར་དུ་དྲག་རྩུབ་དང་འཚེ་བའི་རིགས་ཉུང་དུ་གཏོང་དགོས་པ་བཀའ་གནང་སོང་ཞེས་འགྲེལ་བརྗོད་གནང་བྱུང་།
འབུམ་རམས་པ་གྷུཧི་ལ་ཁེ་ལ་ར་ལགས་ནི། སྤྱི་ལོ་༡༩༧༨ལོར་ཧྥ་རན་སི་རུ་སྐྱེས་ཤིང་། རྒྱལ་ཁབ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་སྒྱུ་རྩལ་ལས་རིགས་གཉེར་མཁན་ཞིག་ཡིན་འདུག ད་རེས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གསེར་ཞལ་དངོས་སུ་མཇལ་བ་དེ་ནི་ངའི་མི་ཚེ་ནང་ཐེངས་དང་པོ་ཡིན་པས། སེམས་འགུལ་ཆེན་པོ་ཐེབས་བྱུང་ལ། བཟང་ཕྱོགས་ཀྱི་ནུས་པ་སྦྱིན་པའི་ཚོར་བ་སྣ་ཚོགས་ཤིག་བྱུང་། དེ་ཡང་སྔར་ལོ་ངས་ཡི་ཤུའི་བླ་ཆེན་པོབ་མཆོག་མཇལ་བའི་སྐབས་གཅིག་མཚུངས་ཀྱི་བརྗོད་པར་དཀའ་བའི་ཚོར་སྣང་དེ་དག་བྱུང་། ངའི་མི་ཚེ་ནང་རླབས་ཆེན་གྱི་མི་སྣ་དེ་གཉིས་དངོས་སུ་མཇལ་རྒྱུ་བྱུང་བ་ནི་ཧ་ཅང་གི་སྐལ་བ་བཟང་པོ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
ཡང་མཐའ་མཇུག་ཏུ་ཁོང་མོས། མཇལ་ཁའི་སྐབས། ངས་སྒྲ་ཕབ་བྱས་པའི་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་ཞེས་པའི་ཐུགས་དགོངས་དང་འབྲེལ་བའི་འོད་སྡེར་(Audio Book)་ཞིག་གང་ཉིད་མཆོག་ལ་སྤྱན་འབུལ་ཞུས་པ་ཡིན། དེ་ནི་ངས་སྒྱུ་རྩལ་གྱི་ལམ་ནས་ཞི་བདེ་གོང་འཕེལ་ཐོག་ཞབས་འདེགས་ཕྲན་བུ་ཞུས་པའི་ལེགས་སྐྱེས་ཡིན་པ་དྲན་གྱི་འདུག ལྷག་དོན་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ཞི་བདེའི་ཕོ་ཉ་ཡིན་པ་ང་ཚོ་ཚང་མས་ངོས་འཛིན་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
འབུམ་རམས་པ་གྷུཧི་ལ་ཁེ་ལ་ར་ལགས་ཀྱིས། ཨ་རིའི་(Boston)་གཙུག་ལག་སློབ་ཆེན་དང་། ཧ་ཝར་ཌི་གཙུག་ལག་སློབ་ཆེན། དེ་བཞིན་ཧྥ་རན་སིའི་འཁྲབ་སྟོན་སྒྱུ་རྩལ་སློབ་གླིང་སོགས་སུ་ཚན་རིག་དང་ཁྲིམས། སྒྱུ་རྩལ་འཁྲབ་སྟོན་སོགས་ཀྱི་ཐོག་སློབ་གཉེར་གནང་ཡོད་པ་མ་ཟད། ད་ལྟའི་ཆར་ཞི་བདེ་དར་འཕེལ་དང་འབྲེལ་བའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། ཚན་རྩལ། རིག་གཞུང་ལྷན་ཚོགས་ཀྱི་སྒྱུ་རྩལ་མགྲིན་ཚབ་པའི་ལས་ཁུར་ཞུ་མུས་ཡིན་འདུག


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎