རྒྱལ་ཁབ་འདྲ་མིན་གྱི་དད་ལྡན་པ་ཚོས་༧གོང་ས་མཆོག་མཇལ་ནས་དགའ་གུས་ཆེན་པོ་བྱེད་ཀྱི་འདུག

2022.06.06
རྒྱལ་ཁབ་འདྲ་མིན་གྱི་དད་ལྡན་པ་ཚོས་༧གོང་ས་མཆོག་མཇལ་ནས་དགའ་གུས་ཆེན་པོ་བྱེད་ཀྱི་འདུག བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གཙུག་ལག་ཁང་ནས་ཕོ་བྲང་དུ་ཕེབས་བཞིན་པ། ༠༦།༠༢།༢༠༢༢
OHHDL

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་དུ། སྤྱི་ཟླ་༦པའི་ཚེས་༦ཉིན། རྒྱ་གར་མི་རིགས་དང་རྒྱ་གར་གྱི་མཐོ་རིམ་དཔོན་རིགས་ཁག་ཅིག གཞན་ཡང་ཡོ་རོབ་ཀྱི་བོད་མི་འགའ་དང་ལྷོ་ཀོ་རི་ཡ། ཝི་ཏི་ནམ་བཅས་ཀྱི་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་གནང་ནས་བཀའ་སློབ་བསྩལ་ཡོད་ཅིང་། ༧གོང་ས་མཆོག་ལ་མཇལ་ཁ་ཞུ་མཁན་ལ་དྭགས་པ་སྤྲུལ་སྐུ་བསྟན་འཛིན་དབང་པོ་ལགས་ནས། ༧གོང་ས་མཆོག་གི་མཇལ་ཁ་ཐོབ་ཆེད་ཁོ་ནར་དམིགས་ཏེ་བཞུགས་སྒར་དུ་ཡོང་བ་ཡིན། ༧གོང་ས་མཆོག་གིས་མཇལ་ཁའི་སྐབས་སློབ་གཉེར་ཡག་པོ་དང་སེམས་པ་བཟང་པོ་བྱ་དགོས་པ་ཕེབས་སོང་བར། ཁོ་རང་སེམས་གཏིང་ནས་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་བ་འགྲེལ་བརྗོད་གནང་བྱུང་།
ཡང་ཝི་ཏི་ནམ་རྒྱལ་ཁབ་ནས་ཡོང་བ་གཞོན་སྐྱེས་ཏོན་མེན་ལགས་ནས། ༧གོང་ས་མཆོག་ལ་མཇལ་ནས་ཧ་ཅང་གིས་དགའ་སྤོབས་ཆེན་པོ་བྱུང་། ངས་བསམ་ན་༧གོང་ས་མཆོག་ནི་ཧ་ཅང་གིས་ཐུགས་སེམས་སྤྲོ་བོ་ཡོད་པ་དང་། ཤེས་བྱ་གང་ཅི་མཁྱེན་འདོད་ཀྱི་དགོངས་པ་ཡོད་མཁན་ཞིག་ཏུ་ཚོར་སོང་། ༧གོང་ས་མཆོག་གི་ལམ་སྟོན་གང་ཕེབས་པ་སོ་སོའི་ངོས་ནས་ཤིན་ཏུ་གལ་ཆེན་དང་། སློབ་ཚན་དུ་བརྩིས་ནས་མི་ཚེ་གང་བོར་ཁོང་གི་ལམ་སྟོན་གྱི་རྗེས་སུ་འབྲང་འདོད་ཡོད་པ་འགྲེལ་བརྗོད་གནང་གི་འདུག
རྒྱ་གར་ལ་དྭགས་ནས་ཡིན་པ་ཉིལ་བཟའ་དབང་མོ་ལགས་ཀྱིས། སོ་སོ་ཐེངས་དང་པོར་༧གོང་ས་མཆོག་གི་མདུན་རང་དུ་བཅར་རྒྱུ་བྱུང་བས་བྱིན་རླབས་དང་སེམས་ལ་ཞི་བདེའི་ཚོར་བ་ཆེན་པོ་བྱུང་ཟེར།
ལྷོ་ཀོ་རི་ཡ་ནས་ཡིན་པ་བཙུན་མ་བསྟན་འཛིན་ཆོས་སྒྲོན་ལགས་ནས། ༧གོང་ས་མཆོག་ལ་མཇལ་ཏེ་དགའ་སྤྲོ་ཆེན་པོ་བྱུང་། སེམས་ནང་དམིགས་བསལ་གྱི་དགའ་གུས་ཆེན་པོ་དང་། ༧རྒྱལ་བ་རིན་པོ་ཆེས་བཀའ་སློབ་ལ་ཉན་ནས་སེམས་ནང་ཚོར་བ་མི་འདྲ་བ་ཞིག་སླེབས་པ་མ་ཟད། མཇལ་ཁ་འདི་འདྲ་རག་པ་ནི་རྨི་ལམ་མངོན་གྱུར་ལྟ་བུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
རིང་མིན་ས་ག་ཟླ་བའི་ཚེས་པ་བཅོ་ལྔ་ཉིན། ཏཱའི་སི་ཏུ་རིན་པོ་ཆེ་མཆོག་ནས་གསོལ་འདེབས་ཞུས་པར་བཞིན། ༧གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་དང་ལས་རིམ་བསྡུས་དོན་གྱི་གསུང་ཆོས་གནང་གཏན་འཁེལ་འདུག

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎