༧གོང་ས་མཆོག་གིས་ནོ་སྦེལ་སྨན་གྱི་གཟེངས་རྟགས་ཐོབ་མཁན་གཉིས་ལ་འཚམས་འདྲི་མཛད་འདུག

དེ་ཡང་ཕྱི་ཚེས་༣ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོ་༢༠༢༣་ལོའི་ནོ་སྦེལ་སྨན་གྱི་གཟེངས་རྟགས་ཐོབ་མཁན་(Drew Weissman)་ལགས་དང་། (Katalin Kariko)་ལགས་རྣམ་གཉིས་ལ་འཚམས་འདྲི་མཛད་པའི་ནང་། ༧གོང་ས་མཆོག་གིས། སྐུ་ཉིད་རྣམ་གཉིས་ཀྱིས་གསར་གཏོད་མཛད་པའི་ཚན་རྩལ་ལ་བརྟེན་ནས་ཀོ་ཝིཌ་༡༩་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་སྨན་ཁབ་(MRNA)་དེས་ཚན་རིག་ཉམས་ཞིབ་ཀྱིས་རྒྱ་ཆེ་ས་ནས་འགྲོ་བ་མིའི་རིགས་ལ་དངོས་ཡོད་ཕན་ཐོགས་ཇི་ལྟར་སྒྲུབ་ཐུབ་པའི་དཔེ་མཚོན་བསྟན་ཡོད། སྐུ་ཉིད་རྣམ་པས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་དུ་མ་ཕྱིན་པའི་སྔ་རོལ་དུ་དབུ་འཛུགས་གནང་བའི་ཉམས་ཞིབ་དེ་ལ་བརྟེན་ནས་འཛམ་གླིང་ཁྱོན་ཡོངས་སུ་མི་མང་སྟོང་ཕྲག་མང་པོའི་ཚེ་སྲོག་སྐྱབས་ཡོད། ངོས་ཀྱིས་སྐུ་ཉིད་རྣམ་པའི་གཟེངས་སུ་ཐོན་པའི་གྲུབ་འབྲས་དང་། གཞན་ཕན་བརྒྱུད་མི་ཚེ་དོན་དང་ལྡན་པ་བསྐྱལ་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་གསུངས་འདུག
ད་དུང་༧གོང་ས་མཆོག་གིས། དེང་སྐབས་ང་ཚོར་ཉིན་ལྟར་འཛམ་བུ་གླིང་འདི་ཕན་ཚུན་གཅིག་ལ་གཅིག་རྟེན་དུ་གྱུར་ཡོད་པ་དང་། ཇི་ལྟར་ཚན་རིག་པ་རྣམས་ཀྱིས་ང་ཚོའི་གནས་ཡུལ་དེ་སྔར་ལས་བཟང་ཞིང་ཉེན་ཁ་མེད་པ་ཞིག་ཏུ་བསྐྲུན་རྒྱུར་ཞབས་འདེགས་སྒྲུབ་ཐུབ་ཚུལ་དྲན་སྐུལ་གཏོང་གི་ཡོད། ཅེས་བཀའ་སྩལ་གནང་འདུག
གོང་བརྗོད་ནོ་སྦེལ་སྨན་གྱི་གཟེངས་རྟགས་ཐོབ་མཁན་(Katalin Karikó)་ལགས་ནི། ཕྱི་ལོ་༡༩༥༥ལོར་ཧང་གྷ་རི་རྒྱལ་ཁབ་ཀྱི་སི་ཛོལ་ནོ་ཀ་རུ་སྐྱེས་ཤིང་། ཕྱི་ལོ་༡༩༨༢ལོར་སི་ཛེ་གྷ་ཌི་གཙུག་ལག་སློབ་གྲ་ཆེན་མོ་ནས་འབུམ་རམས་པའི་བསླབ་པ་མཐར་སོན་བྱུང་ཡོད་པ་དང་། ཕྱི་ལོ་༡༩༨༥བར་དུ་ཧང་གྷ་རིའི་ཚན་རིག་སློབ་གཉེར་ཁང་དུ་ཞིབ་འཇུག་གནང་རྗེས་ ཕྱི་ལོ་༡༩༨༩ནས་ཕྱི་ལོ་༢༠༡༣བར་དུ་ཨ་རིའི་མཐོ་སློབ་(University of Pennsylvania)་གི་སློབ་དཔོན་གཞོན་པའི་ཕྱག་ལས་གནང་བ་དང་། ཕྱི་ལོ་༢༠༢༡ ནས་བཟུང་ཁོང་གིས་(Szeged University)་སློབ་ཆེན་དུ་དུ་སློབ་དཔོན་ཆེན་ མོའི་ལས་འགན་འཁུར་བཞིན་ཡོད་འདུག
གཞན་(Drew Weissman)་ལགས་ནི་ཕྱི་ལོ་༡༩༥༩ལོར་ཨ་རིའི་(Lexington)་ས་ཁུལ་དུ་སྐྱེས་ཤིང་། ཕྱི་ལོ་༡༩༨༧ལོར་ཁོང་གིས་ཨ་རིའི་(Boston)་གཙུག་ལག་སློབ་གྲྭ་ཆེན་མོ་ནས་འབུམ་རམས་པའི་ཕྱག་འཁྱེར་བཞེས་རྗེས། སྔ་རྗེས་སུ་ཧ་ཝིར་ཌི་སྨན་གྱི་སློབ་གྲྭ་དང་། རྒྱལ་ཡོངས་འཕྲོད་བསྟེན་མཐོ་སློབ་དུ་སྨན་བཅོས་འོས་སྦྱོང་དང་ཆེད་ལས་ཞིབ་འཇུག་གི་སློབ་སྦྱོང་གནང་འདུག ཕྱི་ལོ་༡༩༩༧ནས་ཨ་རིའི་(Pennsylvania)་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་སྨན་གྱི་ཞིབ་འཇུག་རུ་ཁག་ཏུ་ཕྱག་ལས་གནང་བཞིན་པ་ཡིན་འདུག
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། ཆོས་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།