འཛམ་གླིང་གི་ཡུལ་གྲུ་གང་སར་འཁྲུངས་སྐར་སྲུང་བརྩི་གནང་འདུག
2017.07.06
ལ་དྭགས་དང་བཞུགས་སྒར་གཙོས་འཛམ་གླིང་གི་ཡུལ་གྲུ་གང་སར་༧གོང་ས་མཆོག་དགུང་ལོ་གྱ་གཉིས་ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་གནང་འདུག
དེ་ཡང་འདི་ཚེས་༦་ཉིན། རྒྱ་གར་བྱང་ཕྱོགས་ལ་དྭགས་སླེ་ཞི་བའི་ཚལ་གསུང་ཆོས་རྭ་བའི་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག དགའ་ལྡན་ཁྲི་ཟུར་རི་རྫོང་རྒྱལ་སྲས་རིན་པོ་ཆེ་དང་། ཁྲིག་སེ་རིན་པོ་ཆེ། དེ་བཞིན་ལ་དྭགས་ས་གནས་ཀྱི་དཔོན་རིགས་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་སོགས་ཀྱི་དབུས། བོད་རིགས་དང་ལ་དྭགས་སེར་སྐྱ་མི་དམངས་ཁྲི་གསུམ་ལྷག་འདུ་འཛོམས་ཀྱིས་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་། སྲོལ་རྒྱུན་རིག་གཞུང་འཁྲབ་སྟོན་སོགས་ཀྱི་རྣམ་པའི་ཐོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་གྱ་གཉིས་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་གནང་ཡོད་འདུག
སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ནང་གི་བོད་མི་ཚོས་ཀྱང་ད་ལྟའི་གནས་བབས་ཀྱི་འོག་མངོན་གསལ་དོད་པོ་མིན་པའི་རྣམ་པའི་ཐོག་ནས། དད་པ་དང་ལྷག་བསམ། བརྩེ་བ་ཆེན་པོས་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་ཡོད་པ་བཀའ་གནང་འདུག
འཁྲུངས་སྐར་གྱི་མཛད་སྒོ་གྲུབ་རྗེས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་བརྟན་ཞུགས་བསྟར་འབུལ་ཞུས་འདུག།
དེ་ཉིན་རྒྱ་སྐད་ཐོག་ཕབ་བསྒྱུར་ཟིན་པའི་ནང་པའི་ལྟ་གྲུབ་ཀུན་བཏུས་ཀྱི་དཔེ་དེབ་དབུ་འབྱེད་ཀྱང་གནང་ཡོད་པ་རེད།
ལ་དྭགས་མི་མང་ནས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་ཆེད་རང་ལུགས་ཀྱི་གཞས་སྣ་འདྲ་མིན་གཟིགས་འབུལ་ཞུས་གནང་ཡོད་པ་མ་ཚད། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམ་བསྟན་འཕེལ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་འཁྲུངས་སྐར་གྱི་འཚམས་འདྲི་ཞུས་གནང་བ་དང་། ཕྱོགས་མཚུངས་དབུས་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནས། བཀའ་ཤག་གི་ཚབས་ཞུས་ཏེ་༧གོང་ས་མཆོག་ལ་འཁྲུངས་སྐར་གྱི་འཚམས་འདྲི་ཞུས་པ་དང་སྦྲགས། ད་ལྟའི་སྐབས་སུ་བོད་མི་སྤྱི་དང་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་ཞུ་མཁན་སྤྱི་ཡོངས། དེ་བཞིན་འཛམ་གླིང་འདིའི་ཐོག་༧གོང་ས་མཆོག་ལས་བཀྲིན་ཆེ་བ་གཞན་སུ་ཞིག་མེད་སྐོར་གསུངས་འདུག
ཕྱི་ཚེས་ ༥ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཀྱི་རྒྱལ་ས་སླེ་ཡི་ཇོ་ཁང་དུ་གནས་གཟིགས་སུ་ཆིབས་བསྒྱུར་བསྐྱངས་པ་དང་། ཕེབས་ལམ་གཡས་གཡོན་དུ་མཇལ་ཞུའི་ཆེད་བཅར་བའི་ལ་དྭགས་ཡུལ་མི་དང་དེ་མིན་ཕྱི་རྒྱལ་མི་རིགས་ཁག་ལ་འཚམས་འདྲི་བསྩལ་གནང་མཛད་ཡོད་པ་དང་། དེ་རྗེས་ཇོ་ཁང་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་སྩལ་བའི་སྙིང་པོར། ལ་དྭགས་ཁུལ་ཕྱིའི་འཛུགས་བསྐྲུན་ཐོག་ནས་ཡར་རྒྱས་ཆེན་པོ་འགྲོ་བཞིན་པ་ལྟར། ནང་སེམས་ཀྱི་རིན་ཐང་ཡར་རྒྱས་འགྲོ་རྒྱུར་ཡང་དོ་སྣང་བྱེད་དགོས་པ་བཀའ་གནང་འདུག
དེ་བཞིན་བཞུགས་སྒར་རྡ་རམ་སཱ་ལར་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༢་ལ་ཕེབས་པའི་སྐུ་ཡི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་སྐབས། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་མགྲོན་གཅོ་བོ་ཧི་མ་ཅལ་མངའ་སྡེའི་བཟོ་ལས་བློན་ཆེན་ཟུར་པ་སྐུ་ཞབས་Kishan Kapoor མཆོག་དང་། དམིགས་བསལ་སྐུ་མགྲོན་ཨ་རུ་ན་ཅལ་མངའ་སྡེའི་རྒྱ་གར་དབུས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Ninong Ering རྣམ་གཉིས་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་སྲི་ཞུའི་ལས་བྱེད་རྣམ་པ་དང་། གཞན་ཡང་བཞུགས་སྒར་ཁུལ་གྱི་བོད་མི་སེར་སྐྱ་མི་མང་སྟོང་ཚོ་བརྒལ་བའི་འདུ་འཛོམས་འདུག
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྐུ་ཞབས་(Kishan Kapoor)མཆོག་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་ལ་རྒྱ་གར་མི་མང་གི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་གནང་པ་དང་། ༧གོང་ས་མཆོག་གི་སྐུ་ཚེ་ཧྲིལ་པོར་འཛམ་གླིང་ཞི་བདེ་གོང་འཕེལ་གྱིས་མཛད་རྗེས་ལ་ཡི་རང་བསྔགས་བརྗོད་ཞུས་གནང་པ་དང་སྦྲགས་བདེ་སྐྱིད་ལྡན་པའི་མི་ཚེ་བསྐྲུན་ཐབས་སུ་༧གོང་ས་མཆོག་གིས་བྱམས་པ་དང་བརྩེ་བའི་ལམ་སྟོན་བཀའ་སློབ་མཛད་བཞིན་པ་དེར་ཚང་མས་སྙིང་ལ་བཅངས་དགོས་པའི་སྐུལ་ལྕག་གནང་འདུག ཁོང་གིས་གསུངས་པར། འཛམ་གླིང་ཐོག་དམག་འཁྲུག་དང་འཇིགས་སྐུལ་དྲག་སྤྱོད་ཀྱི་དཀའ་ངལ་དུ་མ་འཕྲད་བཞིན་པའི་སྐབས་འདིར་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་འགྲོ་བ་མི་སྤྱི་ལ་ཞི་བདེ་དང་བྱམས་བརྩེའི་འོད་སྣང་གི་མཚོན་རྟགས་ཤིག་ཡིན་པ་དང་། ༧གོང་ས་མཆོག་གི་ཐུགས་རྗེའི་བྱིན་རླབས་ལ་བརྟེན་ནས་བཞུགས་སྒར་རྡ་རམ་ས་ལའི་ས་གནས་འདི་བཞིན་འཛམ་གླིང་ཐོག་ཡོངས་སུ་གྲགས་པའི་ཞི་བདེ་ལྟེ་གནས་ཤིག་ལ་གྱུར་གནང་མཛད་པར་བཀྲིན་ལེགས་གསོལ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་འདུག
ཡང་དམིགས་བསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Ninong Eringམཆོག་གིས། སྤྱི་ནོར་༧གོང་ས་སྐྱབས་མཆོག་དང་། ཨ་རུ་ན་ཅལ་མངའ་སྡེ་དབར་དམིགས་བསལ་འབྲེལ་བ་དམ་ཟབ་ཡོད་པའི་ལོ་རྒྱུས་དྲན་གསོ་གནང་ཞིང་། ༧གོང་ས་མཆོག་ནི་བདེན་པའི་སྒྲོན་མེ་དང་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཀྱི་དཀྱིལ་འཁོར་ལྟ་བུ་ཡིན་པ་གསུངས་གནང་སྟེ། ༧གོང་ས་མཆོག་གི་སྐུ་ཡི་འཁྲུངས་སྐར་གྱི་ཉིན་མོ་འདིར། ཁོང་སྒེར་གྱི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་མ་ཟད། རྒྱ་གར་གྱི་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་རྒྱུའི་ཁས་ལེན་དམ་བཅའ་ཞུ་ཡི་ཡིན་ཞེས་གསུངས་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༢་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར་རྒྱ་གར་གྱི་བདག་ཉིད་ཆེན་པོ་གན་དྷི་མཆོག་གི་ཚ་བོ་སྐུ་ཞབས་(Tushar Gandhi)་ཡིས་རྒྱ་གར་ནུབ་ཕྱོགས་གྲོང་ཁྱེར་Mumbai་ནང་བོད་ཀྱི་གྲོགས་པོ་ཚོགས་པའི་བོད་སྨན་བརྒྱུད་ལུས་པོའི་བདེ་ཐང་སྐོར་གྱི་གློག་བརྙན་ཞིག་འགྲེམས་སྤེལ་གནང་བ་སོགས་ལ་དྭགས་དང་བཞུགས་སྒར་གཙོས་ཨ་རི་དང་། ཡོ་རོབ་སོགས་འཛམ་གླིང་གི་ཡུལ་གྲུ་གང་སར་༧གོང་ས་མཆོག་དགུང་ལོ་གྱ་གཉིས་ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་གནང་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ་དང་། དོན་གྲུབ་རྣམ་རྒྱལ།