ཨ་རི་སོཊ་ཕྱིའི་ཡུལ་གྲུ་གང་སར་འཁྲུངས་སྐར་སྲུང་བརྩི་ཞུས་འདུག
2017.07.07
ཨ་རི་དང་ཨུ་རུ་སོགས་ཕྱིའི་ཡུལ་གྲུ་གང་སར་༧གོང་ས་མཆོག་དགུང་ལོ་གྱ་གཉིས་ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་གནང་འདུག
དེ་ཡང་ཕྱི་ཟླ་༧་ཚེས་༦་ཉིན་འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་དང་། མེ་རི་ལེན་ཊི། ཝར་ཇི་ནི་ཡ་བཅས་ནང་གནས་བཞུགས་བོད་མི་ཚོས། རྒྱལ་སའི་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་འབྲི་གུང་ཆོས་ཀྱི་ཉི་མའི་ཆོས་ཚོགས་སུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༢་ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དུས་ཆེན་དགའ་དད་སྤྲོ་གསུམ་ངང་སྲུང་བརྩི་ཞུས་གནང་འདུག
དེ་བཞིན་ཚེས་༨་ཉིན་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་ས་གནས་ཀྱི་Lake Fairfax་སྤྱི་གླིང་དུ་གླིང་ཀ་བཏང་གནང་ནས་འཁྲུངས་ལྷ་དབྱར་གསོལ་སྲུང་བརྩི་ཞུ་རྒྱུ་ཡིན་པ་རེད།
དེ་བཞིན་ར་ཤི་ཡའི་ཀལྨི་ཀི་ཡ་(Kalmykia)་གཙོས་པའི་ཁུལ་དེའི་ནང་གི་སོག་རིགས་ནང་པའི་རྒྱལ་ཁབ་ཁག་ནང་དུ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༢་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་སྐབས། ཀལྨི་ཀའི་ནང་དགོན་གཙོ་བོ་ཁུ་རུལ་(Khurul)་ནང་འདི་ཚེས་༧་ཉིན་མཁན་པོ་དགེ་བཤེས་མུ་སྤྲུལ་མཆོག་དབུ་བཞུགས་ཀྱིས་ཐོག་མར་གསོལ་འདེབས་སྨོན་ལམ་གྲུབ་རྗེས་མཁན་པོས་༧གོང་ས་མཆོག་ཀལྨི་ཀ་ཡའི་ནང་ཐོག་མར་ཕྱི་ལོ་༡༩༩༡ལོར་ཞབས་སོར་འཁོད་པ་དང་། དེ་རྗེས་ཕྱི་ལོ་༡༩༩༢་དང་༡༩༩༤་ལའང་ཞབས་སོར་འཁོད་གནང་གིས་གསུང་ཆོས་དང་བཀའ་སློབ་རིམ་པ་བསྩལ་བའི་དཀའ་དྲིན་རྗེས་དྲན་དང་སྦྲཌ་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འདུན་གནང་འདུག
སྐབས་དེར་(Alexey Orlove)་གྱིས་༧གོང་ས་མཆོག་ནི་ང་ཚོའི་བླ་མ་དང་དབུ་ཁྲིད་ཡིན་པས་འཁྲུངས་སྐར་ཉིན་སྐུ་ཚེ་ཞབས་པད་ཡུན་རིང་གནས་པའི་སྨོན་ལམ་རྒྱག་གི་ཡོད་ཅེས་གསུངས་འདུག
ཉིན་དེར་ཀལྨི་ཀི་ཡ་བོད་ཀྱི་མཐུན་ཚོགས་དང་དགོན་པ་ཐོུང་གིས་རྒྱལ་ས་ཨི་ལི་སེ་ཏ་(Elista)གྲོང་ཁྱེར་གྱི་གློག་བརྙན་ཚོགས་ཁང་དུ་མེ་ཁེ་ལེམླི་(Mickey Lemle)ཡིས་བཟོས་པའི་གློག་བརྙན་ཏཱ་ལའི་བླ་མ་མཐའ་མ་(The Last DalaiLama)ཞེས་པ་དེ་གཟིགས་འབུལ་ཞུས་ཡོད་འདུག
དེ་བཞིན་ཨོ་སི་ཀྲེ་རི་ལི་ཡའི་ནང་དུ། ཨོ་སི་ཀྲེ་རི་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་དང་། སིཌི་ནི་དང་ཁེན་བྷེ་ར་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཀྱི་གཞོགས་འདེགས་འོག་ཚེས་༦་གོང་ས་མཆོག་གི་སྐུའི་འཁྲུང་སྐར་ཉིན་ཨོ་སི་ཊེ་རི་ལི་ཡའི་གྲོང་ཁྱེར་ཆེ་ཤོས་སི་ཌི་ནི་རུ་བྱམས་བརྩེའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་གནང་འདུག
༧གོང་ས་མཆོག་གིས་ལོ་མང་ཐུགས་ངོ་མཁྱེན་པའི་ཆོས་གྲོགས་(Rev.Bill Crews)ཡི་ཡེ་ཤུའི་ཆོས་ཁང་དུ། (Sydney)་དང་གྲོང་ཁྱེར་(Canberra)་ནས་ཕེབས་པའི་བོད་མི་༡༥༠་ཙམ་དང་གཞན་ཕྱི་རྒྱལ་མི་རིགས་༣༠༠ལྷག་བཅས་ཁྱོན་མི་གྲངས་༥༠༠ ཙམ་ལྷན་འཛོམས་ཀྱིས་ཨོསི་ཏྲེ་རི་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་མགོ་མཆོག་དང་ཡེ་ཤུའི་ཆོས་དཔོན་Bill Crews་བཅས་ནས་༧གོང་ས་མཆོག་གི་མཛད་རྗེས་སྐོར་གསུང་བཤད་དང་འབྲེལ། བྱམས་བརྩེའི་ལས་འགུལ་འདིའི་བརྒྱུད་དབུལ་ཕོངས་༣༥༠་ཙམ་ལ་ཉིན་གུང་དང་དགོང་དྲོའི་ཞལ་ལགས་སྦྱིན་གཏོང་གནང་འདུག
དེ་བཞིན་༧གོང་ས་མཆོག་གི་འཁྲུངས་སྐར་ཐེ་ཝན་དང་། སིངྒ་པུར། མ་ལེ་ཤེ་ཡ། འབྲུག་ཡུལ། ཀོརི་ཡ་བཅས་སུ་ཡང་སྲུང་བརྩི་ཞུས་གནང་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ་དང་། ཀརྨ་རྒྱ་མཚོ།