རང་བསྲེཊ་གནས་ཚུལ་གོ་དུས་མཆི་མ་ཤོར་གྱིན་འདུག་གསུངས།

༧གོང་ས་མཆོག་གིས་དེང་སྐབས་བོད་ནང་རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་དང་འབྱུང་བཞིན་པ་ཧ་ཅང་ཡིད་སྐྱོ་བོ་འདུག མ་ཟད་གནས་ཚུལ་རེ་རེ་བཞིན་ཐོས་སྐབས་ངོས་རང་མིག་ཆུ་ཤོར་གྱི་འདུག་ཅེས་གསུངས་འདུག

2012.11.26

དེ་ཡང་ཚེས་༢༥ཉིན་རྒྱ་གར་གཞུང་གི་བརྙན་འཕྲིན་Doordarshan གྱི་གསར་འགོད་པ་སྐུ་ཞབས་པི་པི་ཇེམ་སི་ཡིས་༧གོང་ས་མཆོག་ལ་བོད་ནང་གི་བོད་མིས་རང་ལུས་མེར་སྲེག་གི་ལས་འགུལ་ཐོག་བཅར་འདྲི་བྱས་སྐབས་བཀའ་ལན་སྩལ་དོན། བོད་མིས་རང་ལུས་མེར་སྲེག་བཏང་བའི་གནད་དོན་དེ་དག་བོད་མིས་བཟོས་པ་ཞིག་མིན། གནད་དོན་དེ་དག་ནད་ཀྱི་མཚོན་རྟགས་ཙམ་ཡིན་པར་ངོས་ཀྱིས་ངོས་འཛིན་བྱེད་བཞིན་ཡོད། དེ་སྔ་སྲིད་འཛིན་ཏིང་ཞའོ་ཕིང་Deng Xiaoping གིས་དངོས་ཐོག་བདེན་འཚོལ་བྱེད་དགོས་སྐོར་བརྗོད་པ་དེ་གཞིར་བཞག་ཐོག་བོད་ནང་དུ་དངོས་ཡོད་གནས་ཚུལ་དེར་རྒྱ་ནག་དཔོན་རིགས་ཚོས་གནས་ཚུལ་དེ་དག་བྱུང་དགོས་དོན་རྒྱུ་མཚན་ཇི་ཡིན་རྟག་དཔྱད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེང་སྐབས་རང་ལུས་མེར་སྲེག་གི་གནས་ཚུལ་འབྱུང་བཞིན་པ་དེ་ནི་ཧ་ཅང་ཡིད་སྐྱོ་བ་ཡོང་གི་འདུག་མ་ཟད་གནས་ཚུལ་དེ་དག་ཐོས་སྐབས་ངོས་རང་མིག་ཆུ་ཤོར་གྱི་འདུག རང་ལུས་མེར་སྲེག་གཏོང་མཁན་གྱི་བོད་མི་དེ་དག་མྱོས་རྫས་ཀྱིས་བཟི་བ་དང་། བཟའ་ཚང་གི་རྙོག་དྲ་དང་དཀའ་ངལ་དེ་འདྲ་བྱུང་ནས་རང་ལུས་མེར་སྲེག་བཏང་བ་ཞིག་རྩ་བ་ནས་མིན། ཁོང་ཚོ་རྒྱ་ནག་གི་དམ་བསྒྲགས་འོག་དུས་རྟག་ཏུ་འཇིགས་སྣང་དངངས་སྐྲག་འོག་གནས་བཞིན་ཡོད། ཅེས་གསུངས།

དེ་བཞིན་གསར་འགོད་པ་ཁོང་གིས་རྒྱ་གར་གྱི་གནའ་བོའི་ཆོས་ལུགས་ཐོག་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ རྒྱ་གར་ནི་ཆོས་ལུགས་འདྲ་མིན་འཆམ་མཐུན་ཐོག་ནས་མཉམ་གནས་ཐུབ་པའི་མིག་དཔེ་གཟིགས་ས་ཞིག་ཡིན་པ་དང༌། རྒྱ་གར་ནི་བོད་པའི་དགེ་རྒན་ལྟ་བུ་ཡིན་ཞིང། དེ་སྔ་བོད་དུ་མཁས་པ་ཞིག་གིས་ ཁ་བ་དཀར་པོའི་ལྗོངས་སུ་རྒྱ་གར་ནས་སངས་རྒྱས་ཀྱི་བསྟན་པ་མ་དར་བར་གངས་ལྗོངས་དེ་བཞིན་མུན་ནག་ལྟ་བུར་གནས་ཡོད་ཀྱང་རྒྱ་གར་ནས་ནང་ཆོས་བོད་དུ་དར་རྗེས་གངས་ལྗོངས་དེ་བཞིན་མུན་ནག་ལས་ཡོངས་སུ་མཐར་ཏེ་དཀར་གསལ་གྱི་གངས་ལྗོངས་ཤིག་ཏུ་འགྱུར་ཡོད་ཅེས་གསུངས་པ་ལུང་འདྲེན་གནང་འདུག། དེ་དང་ཕྱོགས་མཚུངས་རྒྱ་ནག་གི་འགོ་ཁྲིད་གསར་པ་བསླེབས་རྗེས་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུའི་ཐུགས་རེ་ཇི་ལྟར་མཛད་མིན་ཐད་དགོངས་སྐོར་ཞུས་པར། ༧གོང་ས་མཆོག་གིས་ རྒྱ་རིགས་ཆོས་གྲོགས་མང་པོ་ཞིག་གིས་དེ་སྔོན་རྒྱ་ནག་གི་འགོ་ཁྲིད་ཚོ་རྡོ་སྐུ་ལས་བཟོས་པ་ལྟ་བུའི་མཐོང་ཚུལ་ཡོད་པ་དང་ཁོང་ཚོ་དང་བསྡུར་བ་ཡིན་ན། ད་ལྟ་རྒྱ་ནག་གི་སྲིད་འཛིན་གསར་པ་ཞི་ཅིང་ཕིང་གི་རྣམ་འགྱུར་ལ་ལྟ་སྐབས་ཕྲན་བུ་ཀུན་སྤྱོད་བག་ཕེབས་ཡོད་པའི་ཚོར་སྣང་བྱུང་ཡོད་སྐོར་བཀའ་ལན་སྩལ་བ་དང་སྦྲགས། རྒྱ་ནག་ནང་འགྱུར་བཅོས་ཡོང་མིན་ཐོག་མུ་མཐུད་བཀའ་ལན་སྩལ་དོན། རྒྱ་ནག་ནང་ལམ་སེང་མིན་ཡང་ག་ལེར་ག་ལེར་རང་དབང་དང་ཕྱི་གསལ་ནང་གསལ་གྱི་སྤྱི་ཚོགས་ཤིག་ཀྱི་ཕྱོགས་སུ་འགྱུར་བ་འགྲོ་མཚམས། བོད་ཀྱི་དཀའ་ངལ་དེ་བཞིན་ལས་སླ་པོའི་ཐོག་ནས་སེལ་ཐུབ་རྒྱུ་རེད། ཅེས་བཀའ་ལན་སྩལ་འདུག།

སྐབས་དེར་༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས་རྒྱ་གཞུང་གིས་བོད་ནང་དམ་བསྒྲགས་ཧ་ཅང་ཤུགས་ཆེ་རུ་བཏང་བར་བརྟེན་དེང་སྐབས་བོད་མི་རྣམས་ཀྱིས་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་སྤེལ་དགོས་པའི་ཛ་དྲག་གི་གནས་སྟངས་ཆགས་ཡོད་སྐོར་བཀའ་གནང་སྟེ།

བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ལས་སླ་པོ་ཞིག་མིན་ནའང་རྒྱ་གར་གཞུང་དམངས་གཉིས་ཀྱིས་ད་བར་བོད་མི་ཚོར་རོགས་རམ་ཧ་ཅང་ཆེན་པོ་གནང་ཡོད་སྐོར་བཀའ་བཀའ་གནང་འདུག།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན། ༸གོང་ས་མཆོག་གིས་ཁུལ་དེའི་ནང་གི་ཡེ་ཤུའི་ལྷ་ཁང་ Malankara Orthodox Syrian Church བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་ཆེད་ཆིབས་སྒྱུར་བསྐྱངས་སྐབས། ཐད་འཕུར་གནམ་གྲུ་ནས་ཕེབས་བསུ་ཞུ་ཆེད་མེ་ཏོག་གི་འདབ་མ་ཕྱོགས་ཀུན་གཏོར་བ་དང་མཉམ་མང་ཚོགས་འབུམ་གཅིག་ཙམ་གྱིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག། སྐབས་དེར་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨབ་དུལ་ཀ་ལམ་ Dr Abdul Kalam མཆོག་དང་ཀེ་ར་ལ་མངའ་སྡེའི་བློན་ཆེན་སྐུ་ཞབས་ཨོ་མན་ཅན་དི་ Oommen Chandy མཆོག་ཀྱང་ལྷན་ཞུགས་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎