ཁེ་ཎ་ཌའི་ཁྲིམས་དོན་བློན་ཆེན་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་འདུག

2025.03.07
ཁེ་ཎ་ཌའི་ཁྲིམས་དོན་བློན་ཆེན་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་འདུག ཁེ་ཎ་ཌའི་ཁྲིམས་དོན་བློན་ཆེན་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཞུས་སྐབས། ༢༠༢༥།༢།༢༤
FB @Arif Virani

ཁེ་ཎ་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་པ་ཝི་ར་ནི (Arif Virani) ལགས་ཀྱིས་བོད་ཀྱི་ལོ་གསར་གྱི་གོང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་པར་དགའ་ཚོར་ཆེན་པོ་དང་། ཁོང་ནི་རྟག་ཏུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་། རིག་གཞུང་། སྐད་ཡིག་གི་རང་དབང་ཐོག་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་ཁོང་གི་ལས་ཁུངས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཁེ་ཎ་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་པ་ཝི་ར་ནི (Arif Virani) ལགས་ཕྱི་ཟླ་ ༢ བའི་ཚེས་ ༢༤ ཉིན་སྟེ་བོད་ཀྱི་ལོ་གསར་གོང་རྒྱ་གར་དུ་ཁོང་སྐུ་སྒེར་གྱི་ངོ་བོའི་ཐོག་ནས་ནང་མི་དང་ལྷན་དུ་བཞུགས་སྒར་རྡ་རམ་ས་ལར་བསྐྱོད་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་འདུག འདིའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཁོང་གི་ལས་ཁུངས་ལ་འབྲེལ་བ་གནང་ནས་བཀའ་འདྲི་ཞུས་བར་ཕྱི་ཟླ་ ༣ ཚེས་ ༧ ཉིན་ཁོང་གི་ལས་ཁུངས་ནས་འབྲེལ་ཡོད་ལས་བྱེད་ཞིག་གིས་ཡིག་ཐོག་ལན་འདེབས་གནང་པའི་ནང་། བློན་ཆེན་ཁོང་ནང་མི་དང་ལྷན་སྒེར་གྱི་ཕྱོགས་བསྐྱོད་ཅིག་ཏུ་བསྐྱོད་སྐབས། བློན་ཆེན་ཝི་ར་ནི་ལགས་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་ཐོབ་པར་བཀའ་དྲིན་ཆེན་པོ་ཚོར་བྱུང་ཞེས་དང་། ཨེ་ཤེ་ཡའི་ཕྱི་ཕྱོགས་སུ་བོད་མི་འདུས་སྡོད་ཆེ་ཤོས་བྱེད་སའི་ཁེ་ན་ཌའི་སྐུ་ཚབ་མཚོན་པའི་བློན་ཆེན་ཝི་ར་ནི་ལགས་ནི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང། རིག་གཞུང། སྐད་ཡིག་གི་རང་དབང་གི་འཐབ་རྩོད་ལ་མི་ཚེ་གང་པོར་རྒྱབ་སྐྱོར་གནང་མཁན་ཞིག་ཡིན། ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་ཨ་རིཧྥ་ཝི་ར་ནི་ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐོག་མར་ཕྱི་ལོ་ ༢༠༡༨ ལོར་རྒྱ་གར་རྡ་རམ་ས་ལར་གཟིགས་སྐོར་དུ་ཕེབས་པའི་སྐབས་མཇལ་ཁ་ཐོབ་ཡོད་པ་རེད། བློན་ཆེན་ཝི་ར་ནི་ལགས་སུ་ད་ཐེངས་༧གོང་ས་མཆོག་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་བ་དེས་སེམས་འགུལ་ཐེབས་ཤིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དོན་གྱི་སྐོར་བཀའ་གནང་པར་བཀའ་དྲིན་ཆེན་པོ་ཚོར་གྱི་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

Dalai lama Arif Virani (2).jpg
ཁེ་ན་ཌའི་གྲོས་ཚོགས་སུ་ཕྱི་ལོ་ ༢༠༢༤ ལོར་བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་པའི་གྲོས་ཆོད་དང་། ཕྱི་ལོ་ ༢༠༢༢ ལོར་བོད་མིའི་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་དབུ་མའི་ལམ་གྱི་སྲིད་བྱུས་དང་བོད་རྒྱ་འབྲེལ་མོལ་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པའི་སྐབས། སྐུ་ཞབས་ཝི་ར་ནི་ལགས་ཀྱིས་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། ཁོང་ཁེ་ན་ཌའི་གྲོས་ཚོགས་ཀྱི་འཐུས་མི་གནང་པའི་སྐབས་སུ་བོད་དོན་ཐོག་ལ་ཉན་ཞིབ་ཀྱི་ཚོགས་འདུ་གོ་སྒྲིག་གནང་ཡོད་ཅིང་། བོད་དོན་ཐོག་ལ་གོ་སྐབས་ནམ་བྱུང་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་རེད།།


གསར་འགོད་པ། བསྟན་འཛིན་པདྨ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎