སུད་སིར་ཞབས་སོར་འཁོད་འདུག
2013.04.12

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས ཡོ་རོབ་ཁུལ་ཆིབས་བསྒྱུར་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་༩ནས་༡༢སྔ་དྲོ་བར་ ཨི་ཊ་ལི་ཡུལ་གྱི་ ལྷོ་ཊེ་རོལ་རང་སྐྱོང་མངའ་ཁུལ་ནང་ཆིབས་བསྒྱུར་གྱིས་ཕྱི་ཚེས་༡༠ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ ལྷོ་ཊི་རོལ་གྲངས་ཉུང་མི་རིགས་ཀྱི་གཟེངས་རྟགས་འབུལ་ལམ་ཞུས་ཡོད་པ་རེད། ལྷོ་ཊེ་རོལ་གྱི་གཙོ་འཛིན་Luis Durnwalder མཆོག་གིས་༧གོང་ས་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་ཅིང༌། ལྷོ་ཊི་རོལ་གྱི་གཙོ་འཛིན་Luis Durnwalder མཆོག་གིས་༧གོང་ས་མཆོག་ལ་ལྷོ་ཊི་རོལ་གྱི་གཞུང་འབྲེལ་གྲངས་ཉུང་མི་རིགས་ཀྱི་གཟེངས་རྟགས་འབུལ་ལམ་ཞུས་པའི་མཛད་སྒོའི་སྐབས་ལྷོ་ཊི་རོལ་གྱི་དབུས་དང་ས་གནས་གཞུང་འབྲེལ་མི་སྣ་ཡོངས་རྫོགས་འདུ་འཛོམས་གནང་འདུག གོང་ཞུས་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཟེངས་རྟགས་འདི་བཞིན་གཙོ་བོ་རང་དབང་གི་དོན་དུ་དཀའ་སྡུག་མྱོང་བཞིན་པའི་གཞིས་བཞུགས་བོད་མི་ཚོར་ཐོབ་པ་ཞིག་ལ་ངོས་འཛིན་གནང་འདུག དེ་བཞིན་༧གོང་ས་མཆོག་གིས་Bolzano ཁུལ་གྱི་ཚོགས་ཁང་ཞིག་ཏུ་ཆོས་ལུགས་ལས་འདས་པའི་བཟང་སྤྱོད་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་འདུག ཕྱི་ཚེས་༡༡ཉིན་༸གོང་ས་མཆོག་གིས་ཨི་ཊ་ལི་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་ཏེ་རན་ཏོ་ (Trento) ཞེས་པའི་སྐུ་མགྲོན་དུ་གདན་ཞུས་ལྟར་ཆིབས་སྒྱུར་བསྐྱངས་ཏེ་མང་ཚོགས་ལ་རྙོག་འཛིངས་ཆེ་བའི་འཛམ་གླིང་ནང་བདེ་སྐྱིད་འཚོལ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་མཛད་འདུག ཕྱི་ཚེས་༡༢ཉིན་སུད་སི་ཁུལ་ཞབས་སོར་འཁོད་གནང་མཛད་དེ། ཡོ་རོབ་བོད་ཀྱི་ནང་ཆོས་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཆིབས་བསྒྱུར་དབུ་བཞུགས་གནང་འདུག།