སྡུག་བསྔལ་སེལ་ཐབས་ཀྱི་བཀའ་སློབ།
2013.03.07

༄༅། །རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཏུམ་ཀུར་གཙུག་ལག་སློབ་གཉེར་ཁང་དང་སེར་བྱེས་གྲྭ་ཚང་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཁ་སང་ཕྱི་ཚེས་༦ཉིན་གྲོང་ཁྱེར་སྦེང་ལོར་ནས་རྒྱང་ཐག་ཀི་ལོར་མི་ཊར་ ༧༠ སར་རྟེན་གཞི་བྱས་པའི་ཏུམ་ཀུར་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་སློབ་གཉེར་ཁང་དེའི་དགེ་ལས་སློབ་ཕྲུག་སོགས་ཁྱོན་མི་གྲངས་ ༢༠༠༠ བརྒལ་བར་ (Contemporary Human Sufferings Wisdom of Bhagwan Buddha) ༼དེང་སྐབས་འཛམ་གླིང་ནང་འགྲོ་བ་མིའི་རིགས་ལ་འཕྲད་བཞིན་པའི་དཀའ་ངལ་སེལ་ཆེད་སྟོན་པ་བཅོམ་ལྡན་འདས་ཀྱི་བསླབ་བྱ་ཇི་ལྟར་ལེན་ཚུལ།༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་མཛད་ཡོད་པ་རེད།
སྐབས་དེར་༧མགོན་པོ་མཆོག་གིས་རང་བརྒྱུད་ལ་ཡོད་པའི་སྡུག་བསྔལ་སེལ་ཐབས་སུ་ཕྱི་དངོས་པོའི་ཡར་རྒྱས་ཁོ་ནས་གྲུབ་ཐབས་མེད་སྐོར་ངོ་སྤྲོད་དང་འབྲེལ། ནང་སེམས་ཀྱི་བསམ་བློ་གཏོང་ཕྱོགས་དེ་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང་འདུག
དེ་ནས་ཏུམ་ཀུར་གཙུག་ལག་སློབ་གཉེར་ཁང་ནས་༧གོང་ས་མཆོག་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་ལམ་ཞུས་ཡོད་པས་མ་ཟད། ༧མགོན་པོ་གང་ཉིད་ནས་རྒྱ་གར་གྱི་ཚན་རིག་མཁས་དབང་གཉིས་ལ་དམིགས་བསལ་ཆེ་བསྟོད་གཟེངས་རྟགས་དང་། དེ་བཞིན་སློབ་གཉེར་ཁང་འདིའི་བྱས་པ་ཅན་གྱི་མི་སྣ་ཁག་ཅིག་ལ་ཡང་གཟེངས་བསྟོད་བསྩལ་འདུག །