༸གོང་ས་མཆོག་གིས། བརྩེ་བ་ཡོད་པ་དེས་སེམས་སྐྱིད་པ་དང་ལུས་བདེ་བ་ཡོང་གི་ཅེས་བཀའ་སྩལ་བ།

2023.08.16
༸གོང་ས་མཆོག་གིས། བརྩེ་བ་ཡོད་པ་དེས་སེམས་སྐྱིད་པ་དང་ལུས་བདེ་བ་ཡོང་གི་ཅེས་བཀའ་སྩལ་བ། ༸གོང་ས་མཆོག་ལ་ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་དགུང་ཚིགས་ལྗགས་སྨིན་འདེགས་འབུལ་སྐབས། ༢༠༢༣།༠༨།༡༦ ཉིན།
RFA

འདི་ཚེས་ ༡༦ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། མགོན་པོ་མཆོག་ལ་དགུང་ཚིགས་འདེགས་འབུལ་ཞུ་སྐབས། ༸གོང་ས་མཆོག་གིས་སྤྱིར་སེམས་ཅན་ཐམས་ཅད་དང་། ཡང་སྒོས་འཛམ་གླིང་འདིིའི་སྟེང་འགྲོ་བ་མིའི་རིགས་ཀྱིས་རྙོག་ཁྲ་རྒྱུན་ཆད་མེད་པ་བཟོ་མཁན་རྣམས་ཐོག་མར་མངལ་ནས་བཙས་པའི་དུས་ནས་བཟུང་མ་ཡིས་བྱམས་བརྩེས་བསྐྱངས་སྟབས། ང་ཚོ་ཆུང་དུས་ནས་བྱམས་བརྩེས་འཚོ་བསྡད་པ་ཞིག་ཆགས་ཡོད། ཅེས་དང་། དེར་བརྟེན་འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་བརྒྱད་ཡོད་པ་ཚང་མ་མ་ཡིས་བརྩེ་བས་སྐྱོང་བཞིན་པ་ཤ་སྟག་ཡིན་སྟབས། ང་ཚོའི་མི་ཚེ་ཚར་ལོངས་བྱེད་སྐབས་མིའི་བརྩེ་བ་དེ་ནམ་ཡང་མ་བརླག་པ་དང་མ་བརྗེད་པ་བྱས་ནས། ང་ཚོའི་སྤྱི་ཚོགས་ནང་བརྩེ་བ་དེ་ཡར་རྒྱས་གཏང་རྒྱུ་ཡོད་པར་ཡིད་ཆེས་ཡོད། ཅེས་དང་། བརྩེ་བ་ཡོད་པ་དེས་སེམས་སྐྱིད་པ་དང་ལུས་བདེ་བ་ཡོང་གི་ཡོད་ཅེས་བཀའ་སྩལ་བ།

ཡང་༸གོང་ས་མཆོག་གིས། ད་བར་བསྟན་པ་དང་འགྲོ་བའི་དོན་དུ་གང་ཡོང་གི་སྐུ་ལས་བསྐྱོན་པ་བཞིན་གྲུབ་འབྲས་ཀྱང་གང་ཙམ་ཐོན་ཡོད། ཅེས་དང་། ལྷག་དོན་དུ་བོད་ཀྱི་གཉན་འཕྲང་གི་དུས་སྐབས་དེར་ངོས་ཀྱིས་ཞུམ་པ་མེད་པའི་ཐོག་ནས། བོད་ཀྱི་ཆོས་དང་རིག་གཞུང་བདག་གཅེས་ཀྱིས་ནུབ་ཕྱོགས་པའི་ཚན་རིག་གི་ལེགས་ཆ་རྣམས་ཚུར་བོད་ཀྱི་རིག་གཞུང་ཐོག་ཁ་སྣོན་ཞུས་ཐུབ་པ་བྱུང་ཡོད། ཅེས་དང་། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚོས་ཀྱང་ནང་ཆོས་ལ་ཐུགས་སྣང་ཆེན་པོ་གནང་བཞིན་ཡོད་པ་དང་། ངོས་ལ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚོས་མོས་པ་དང་ཡིད་ཆེས་ཤུགས་ཆེ་གནང་བཞིན་ཡོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་སྩལ་སོང་།

ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་ཁྲིམས་རྩོད་པ་བཀྲ་ཤིས་རྒྱལ་མཚན་ལགས་ཀྱིས་༸གོང་ས་མཆོག་གི་སྐུ་མདུན་དུ་གཏམ་བཤད་གནང་སྐབས། ལ་དྭགས་གཞུང་གིས་ངོས་ནས་ལ་དྭགས་གནས་སྡོད་བོད་མི་རྣམས་ལ་དྭགས་མི་མང་དང་གཅིག་མཚུངས་ཀྱི་ལྟ་རྟོགས་གནང་རྒྱུ་ཡིན་ཞེས་གསུང་བཤད་གནང་སོང་།

གཞན་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༨ པའི་ཚེས་ ༡༨ ཉིན་ལ་དྭགས་ཤམ་ཡུལ་ལྗོངས་སུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎