༧གོང་ས་མཆོག་གིས་དད་ལྡན་པ་སྟོང་ཚོ་མང་པོ་གསུངས་ཆོས།
2016.10.21

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཨི་ཊཱ་ལིའི་མི་ལཱན་གྲོང་ཁྱེར་ནང་དད་ལྡན་མི་མང་སྟོང་ཚོ་མང་པོ་གསུངས་ཆོས་སྩལ་གནང་བཞིན་འདུག
དེ་ཡང་དགེ་འཕེལ་གླིང་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༢༡་ཉིན་ཨི་ཊཱ་ལིའི་མི་ལཱན་གྲོང་ཁྱེར་Milan་ནང་དད་ལྡན་པ་སྟོང་ཚོ་མང་པོར་ལམ་གཙོ་རྣམ་གསུམ་དང་། རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བསྩལ་གནང་མཛད་པ་མ་ཟད། སང་ཉིན་ཕྱི་ཚེས་༢༢་ཉིན་གྱི་སྔ་དྲོར་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་གནང་མཛད་འཆར་འདུག
༧གོང་ས་མཆོག་གིས་བསྩལ་བཞིན་པའི་གསུང་ཆོས་ཁག་དབྱིན་ཇི་དང་། Spanish ཇར་མན་ Vietnamese ཨུ་རུ་སུ། སོག་སྐད་སོགས་སྐད་ཡིག་མི་འདྲ་བའི་ཐོག་གསུང་བསྒྱུར་ཞུས་བཞིན་པ་མ་ཟད། དྲ་རྒྱ་བརྒྱུད་ནས་ཐད་ཀར་རྒྱང་སྲིང་ཞུ་ཡི་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སང་ཉིན་ཕྱི་ཚེས་༢༢་ཉིན་གྱི་སྔ་དྲོའི་ཕྱག་ཚོད་༩་དང་ཕྱེད་ཀ་ནས་༡༡་དང་ཕྱེད་ཀའི་བར་སྤྱན་རས་གཟིགས་ཀྱི་དབང་ཆེན་སྩལ་གནང་མཛད་གཏེན་འཁེལ་འདུག།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།