༧གོང་ས་མཆོག་གིས་འབྲུག་ཡུལ་གྱི་བདམས་ཐོན་སྲིད་བློན་ལ་འཚམས་འདྲིའི་གསུངས་འཕྲིན་བསྩལ་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ད་རེས་འབྲུག་ཡུལ་གྱི་རྒྱལ་ཡོངས་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པའི་བདམས་ཐོན་སྲིད་བློན་ཚེ་རིང་སྟོབས་རྒྱལ་ལགས་སུ་འཚམས་འདྲིའི་གསུངས་འཕྲིན་བསྩལ་འདུག། སྤྱི་ཚེས་༡༢ཉིན་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་ནས་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཉེ་དུས་འབྲུག་ཡུལ་ནང་རྒྱལ་ཡོངས་འོས་བསྡུ་ཆེན་མོ་གནང་ནས་སྲིད་བློན་ལ་འདེམས་ཐོན་བྱུང་བའི་ཚེ་རིང་སྟོབས་རྒྱལ་ལགས་སུ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཀྱི་ཕྱག་བྲིས་ཤིག་བསྩལ་ཡོད་པ་དང་། ཕྱག་བྲིས་དེའི་ནང་མགོན་པོ་གང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་༧གོང་ས་མཆོག་དང་འབྲུག་ཡུལ་མི་མང་གི་བར་འབྲེལ་བ་ཡོད་པ་དང་། དེ་བཞིན་༧གོང་ས་མཆོག་ནི་དམངས་གཙོའི་རིན་ཐང་ལ་ཆོད་སེམས་བརྟན་པོས་དགའ་མོས་གནང་མཁན་ཞིག་ཡིན་པའི་ཆ་ནས། ༧གོང་ས་མཆོག་གིས་འབྲུག་རྒྱལ་ཁབ་ནང་འབྲུག་རྒྱལ་པོ་མཆོག་གིས་མིག་རྒྱང་རིང་བའི་དབུ་ཁྲིད་འོག་འདས་པའི་ལོ་མང་ནས་འཛུགས་བསྐྲུན་དང་དམངས་གཙོའི་ལམ་ལུགས་ལྡན་པའི་འཛིན་སྐྱོང་གནང་བཞིན་པ་དེ་ནི་བསྟོད་བསྔགས་འོས་པ་ཞིག་ཡིན་པ་བཀའ་གནང་འདུག
ཡང་༧གོང་ས་མཆོག་གིས། དེང་གི་དུས་སུ་འབྲུག་དེ་བཞིན་དེང་དུས་དང་མཚམས་པའི་ཐོག་ནས་འཛུགས་བསྐྲུན་བྱེད་བཞིན་པ་དང་ཆབས་ཅིག རང་གི་མནའ་བོའི་ཆོས་དང་རིག་གཞུང་དེ་དག་གཅེས་འཛིན་བྱེད་བཞིན་ཡོད་པར་བརྟེན། ཁྱེད་ཀྱི་སྲིད་བློན་གནང་བའི་ལས་ཡུན་རིང་ལས་དོན་དེ་དག་མུ་མཐུད་དེ་མཇུག་སྐྱོང་གིས་སྲ་བརྟན་གནང་ངེས་ཡིན་པ་ཡིད་ཆེས་ཞུ་ཡི་ཡོད་ལ། ང་ཚོ་བོད་དང་འབྲུག་གི་མི་མང་གཉིས་ཀྱི་བར་ལ་ཐུན་མོང་མ་ཡིན་པའི་ནང་ཆོས་ཤིག་ཉམས་ལེན་བྱེད་བཞིན་ཡོད་པ་མ་ཟད། ང་ཚོའི་ཆོས་ལུགས་ཀྱི་སྲོལ་རྒྱུན་དེ་ནི་དད་པ་ཙམ་ལ་གཞི་བཅོལ་བ་ཞིག་མིན་པར་ནང་ཆོས་ཐོག་ནས་འགྲོ་བ་མི་སྤྱི་ཡོངས་ལ་དོན་དམ་གྱི་ཕན་ཐོགས་ཡོད་པ་ཞིག་ཡིན་པ་དང་། ང་ཚོའི་བཀའ་འགྱུར་དང་བསྟན་འགྱུར་དེ་དག་ནི་སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་བཀའ་དང་དེ་བཞིན་དེ་དང་འབྲེལ་བའི་རྒྱ་གར་གྱི་ནང་པའི་སློབ་དཔོན་རྣམས་པའི་བཀའ་རྩོམ་བསྟན་བཅོས་བཅས་ཀྱི་ནང་སེམས་ཀྱི་ངོ་བོ་དང་། སེམས་ཀྱི་འདུ་ཤེས། ཚོར་བ་བཅས་ཀྱི་འགྲོ་སྟངས་ཀྱི་ཤེས་ཡོན་ཧ་ཅང་ཕྱུག་པོ་ཡོད་པ་དེ་དག་ནི་དེང་ཀྱི་དུས་སྐབས་སུ་འཛམ་གླིང་ནང་ཞི་བདེ་སྐྲུན་པར་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་ཡིན་པ་བཀའ་གནང་འདུག
མཐའ་དོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁྱེད་ཀྱིས་འབྲུག་རྒྱལ་ཁབ་དང་མི་མང་གི་བདེ་དོན་གྱི་ཆེད་དུ་ལས་དོན་གནང་བཞིན་པ་ལམ་ལྷོང་ཡོང་བའི་སྨོན་འདུན་ཡོད་ཅེས་གསུང་འདུག
དེ་བཞིན་ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འབྲུག་གི་སྲིད་བློན་ཚེ་རིང་སྟོབས་རྒྱལ་ལགས་དང་འབྲུག་ཡུལ་གྱི་མི་མང་དམངས་གཙོ་ཚོགས་པར་ཉེ་ཆར་སྤྱི་ཟླ་དང་པོའི་ཚེས་༩ཉིན་གྱི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་པ་དང་། དེ་བཞིན་ཨ་རིའི་ངོས་ནས་འབྲུག་གི་གཞུང་གསར་པ་དང་ལྷན་དུ་མཛའ་གྲོགས་ཀྱི་འབྲེལ་བ་འཛུགས་རྒྱུ་དང་ཕྱོགས་གཉིས་ཀྱི་མི་མང་གི་བར་འབྲེལ་བ་དམ་ཟབ་གནང་རྒྱུའི་འདུན་པ་གསལ་བཏོན་གནང་འདུག
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།