༧གོང་ས་མཆོག་གིས་རྒྱ་གར་སྲིད་བློན་མཱོ་ཏི་མཆོག་དགུང་ལོ་༧༢ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད་པ།

རྒྱ་གར་སྲིད་བློན་ནཱ་རེནྟྲཱི་མཱོ་ཏི་མཆོག། སྤྱི་ཟླ་༩པའི་ཚེས་༡༧ཉིན་དགུང་ལོ་༧༢ལ་ཕེབས་པའི་འཁྲུངས་སྐར་ཉིན་མོར་ཁེལ་ཡོད་པར་བརྟེན། བཞུགས་སྒར་ཕོ་བྲང་ནས་བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་སྲིད་བློན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་དང་། སྐུ་གཟུགས་ལ་འགལ་རྐྱེན་བར་ཆད་མེད་པ་སོགས་ཀྱི་ཐུགས་སྨོན་གནང་བ་དང་ཆབས་ཅིག། མགོན་པོ་གང་ཉིད་ནི་རྒྱ་གར་ནང་དུས་ཡུན་རིང་ཤོས་བཞུགས་པའི་སྐུ་མགྲོན་དེ་ཡིན་པའི་ཆ་ནས། རྒྱ་གར་གྱི་ཡར་རྒྱས་དངོས་སུ་མིག་མཐོང་ལག་ཟིན་བྱུང་བ་མ་ཟད། ད་ཆ་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་དང་ཆབས་ཅིག་ཚན་རིག་དང་འཕྲུལ་ལས་ཀྱི་ཐོག་ནས་ཀྱང་། འཛམ་གླིང་གི་སྣེ་ཁྲིད་མཁན་ཞིག་ཆགས་ཡོད་པར་བསྔགས་བརྗོད་དང་འབྲེལ། རྒྱ་གར་ལ་མང་གཙོའི་ལམ་སྲོལ་གཞི་རྩ་བརྟན་པོ་ཞིག་ཡོད་པ་དེ། རྒྱལ་ཁབ་གཞན་ཚོས་ཞི་བདེ་དང་བརྟན་བརླིང་ཡོང་བའི་མིག་ལྟོས་ཆགས་ཡོད་ཅེས་བཀའ་ཡིག་ཏུ་འཁོད་པ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ནས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་༧གོང་ས་མཆོག་གི་བཀའ་ཡིག་ཏུ་རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཀྱི་རྒྱུན་རྩ་ཆད་དུ་གྱུར་མེད་ནའང་། རྒྱ་གར་གྱིས་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་ཕན་ནུས་ཐོན་པ་གནང་སྟེ་ལམ་ལྷོང་བྱུང་བ་ཧ་ཅང་ཡག་པོ་དང་། འབྱུང་འགྱུར་ཀྱང་རྒྱ་གར་གྱིས་དཀའ་ངལ་དེ་གྲས་ལ་གདོང་ལེན་ཡག་པོ་གནང་ཐུབ་པར་གདེང་སྤོབས་དང་ཡིད་ཆེས་བརྟན་པོ་ཡོད་ཅེས་འཁོད་པ་དང་མཚུངས་སུ། རྒྱ་གར་གྱི་མེས་པོ་དམ་པ་གྷན་ངྷི་ནས་རྒྱ་གར་གྱི་སྲོལ་རྒྱུན་རིག་གཞུང་འཚེ་བ་མེད་པ་ཉམས་ལེན་གནང་བར། འཛམ་གླིང་ཁྱོན་དུ་དགའ་མགུ་འཕེལ་བར་ངོས་ཀྱིས་ཡི་རང་ཆེན་པོ་བྱེད་བཞིན་པ་མ་ཟད། ངོས་ནས་ཀྱང་ང་ཚོ་ཚང་མའི་མི་ཚེ་བདེ་སྐྱིད་དང་དོན་སྙིང་ལྡན་པ་ཞིག་ཡོང་ཆེད། སྙིང་རྗེའི་ཉམས་ལེན་དང་ནུས་སྟོབས་ཁྱབ་སྤེལ་གྱི་དམ་བཅའ་བརྟན་པོར་བཟུང་ཡོད་ཅེས་བཀའ་ཡིག་ཏུ་འཁོད་པ།ཡང་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ནས་འགྲེལ་བརྗོད་གནང་གི་འདུག
རྒྱ་གར་BJPསྲིད་དོན་ཚོགས་པའི་ཁོངས་ནས་བདམས་ཐོན་གྱི་རྒྱ་གར་སྲིད་བློན་ནཱརེནྟྲཱ་མཱོ་ཏི་མཆོག་ནས། སྤྱི་ལོ་༢༠༡༤ལོ་ནས་རྒྱ་གར་སྲིད་བློན་གྱི་ཐུགས་འགན་བཞེས་ཏེ་རྒྱ་གར་སྲིད་བློན་ཁྲི་རབས་༡༤པ་དེ་ཆགས་ཡོད་ཅིང་། ཁོང་ནི་སྤྱི་ལོ་༡༩༥༠ལོར་རྒྱ་གར་ནུབ་ཕྱོགས་གུཇི་རཱ་ཏི་མངའ་སྡེའི་ནང་འཁྲུངས་ཤིང་། ཁོང་ཉིད་དེ་སྔ་གུཇི་རཱ་ཏིའི་མངའ་སྡེའི་བློན་ཆེན་ཡིན་སྐབས་༧གོང་ས་མཆོག་ལ་ཡོངས་གྲགས་མཇལ་འཕྲད་གནང་ཡོད་པ་མ་ཟད། ༧གོང་ས་མཆོག་དགུང་ལོ་༨༧ལ་ཕེབས་པའི་འཁྲུངས་སྐར་དང་བསྟུན། སྲིད་བློན་མཆོག་ནས་“ང་ཚོས་༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་སྐུའི་འཕྲོད་བཞེས་ཡག་པོ་ཡོང་བའི་སྨོན་ལམ་ཡོད་”ཅེས་ཡོངས་གྲགས་སུ་གསུང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།