བལ་བོད་ས་མཚམས་ཀྱི་དད་ལྡན་པ་ཁག་ཅིག་གིས་༧གོང་ས་མཆོག་ལ་དངོས་སུ་མཇལ་བར་དགའ་ཚོར་བྱེད་བཞིན་འདུག

བལ་བོད་ས་མཚམས་སྦས་ཡུལ་རོལ་བ་གླིང་ས་གནས་ཀྱི་དད་ལྡན་པ་ཡོངས་ཀྱིས་དུས་ཡུན་རིང་པོ་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། འདི་ཚེས་༢༩ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བལ་བོད་ས་མཚམས་སྦས་ཡུལ་རོལ་བ་གླིང་ས་གནས་ནས་ཕེབས་པའི་དད་ལྡན་པ་མི་གྲངས་༢༦ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་བསྩལ་ཡོད་པ་རེད།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་མཇལ་བཅར་བ་ཁག་ཅིག་ལ་བཅར་འདྲི་ཞུས་པར། ད་རེས་ཀྱི་མཇལ་ཁ་གོ་སྒྲིག་ཞུ་མཁན་བལ་ཡུལ་ཀོ་པཎ་དགོན་པའི་དགེ་འདུན་པ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས། བལ་ཡུལ་དེ་བཞིན་བོད་དང་ལོ་རྒྱུས་ཀྱི་ཐོག་ནས་ཆོས་དང་རིག་གཞུང་གྱི་འབྲེལ་བ་དམ་ཟབ་ཡོད་པ་དང་། བལ་ཡུལ་ནང་གི་མི་འབོར་བརྒྱ་ཆ་༤༠ལྷག་ནང་པ་ཡིན་པའི་ཆ་ནས་བལ་ཡུལ་ནང་གྱི་སེར་སྐྱ་ཕོ་མོ་ཚང་མས་གང་ཐུབ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ནས་ཆོས་ཀྱི་བག་ཆགས་ཟབ་མོ་ཞིག་བྱུང་པ་ཡིན་ན། མ་འོངས་པར་བོད་ཀྱི་ཆོས་དང་། རིག་གཞུང་བོད་བསྟན་པ་ཆབ་སྲིད་ལ་ཡང་ཕན་ཐོགས་ཡོང་བའི་རེ་བ་ཞིག་ཁྱེར་ནས་དད་ལྡན་མང་ཚོགས་ཀྱི་འདོད་མོས་བཞིན་ཁོང་རྣམས་བལ་ཡུལ་ནས་༧གོང་ས་མཆོག་གིས་མཇལ་ཁ་ཞུ་ཆེད་ཕེབས་པ་ཡིན་པ་དང་། མཇལ་ཁའི་སྐབས་ཁོང་རྣམས་བལ་བོད་ས་མཚམས་ནས་ཕེབས་པ་ཡིན་དུས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་སྩལ་བ་མ་ཟད། དད་ལྡན་པ་ཚོས་ཀྱང་ད་ནས་བཟུང་མ་ཎི་གསོག་སྒྲུབ་དང་ཆོས་ཚུལ་བཞིན་བྱ་རྒྱུ་རང་རང་སོ་སོའི་དམ་བཅའ་འབུལ་ཡོད་པ་སོགས་ངོ་སྤྲོད་གནང་བྱུང་།
མཇལ་བཅར་བ་མིག་དམར་ཚེ་རིང་ལགས་ལ་མཚོན་ན། ཁོང་གི་མི་ཚེའི་ནང་༧གོང་ས་མཆོག་བརྙན་འཕྲིན་ནང་མཇལ་པ་ཙམ་མ་གཏོགས་ཁོང་སྐུ་དངོས་སུ་མཇལ་མྱོང་མེད་པ་དང་། ད་རེས་༧གོང་ས་མཆོག་སྐུ་དངོས་སུ་མཇལ་བར་ང་རང་སངས་རྒྱས་ཡུལ་ལ་ཕེབས་པ་ལྟར་སེམས་པ་ཧ་ཅང་དགའ་པོ་བྱུང་སོང་ཞེས་གསུངས་བྱུང་།
མཇལ་བཅར་བ་ཟླ་བ་ཚེ་རིང་ལགས་ཀྱིས་ཀྱང་། ད་བར་༧གོང་ས་མཆོག་མཇལ་མྱོང་མེད་པ་དང་། ཁོང་གི་རྨི་ལམ་ནང་༧གོང་ས་མཆོག་ཐེངས་འགའ་ཤས་མཇལ་བ་རྨིས་མྱོང་བ་དང་། ད་རེས་སྐུ་དངོས་སུ་མཇལ་བས་སེམས་པ་དགའ་ཚོར་ཆེན་པོ་བྱུང་བ་གསུངས་བྱུང་།
ཡང་དགུང་ལོ་༨༠སོན་པ་ཨང་ཕུར་པ་ལགས་ཀྱིས། ད་བར་༧གོང་ས་མཆོག་གི་སྐུ་མདུན་ནས་དུས་འཁོར་དབང་ཆེན་ཐེངས་འགའ་ཤས་ཞུས་མྱོང་ཡོད་པ་དང་། ད་རེས་ཁོང་དངོས་སུ་མཇལ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་པ་གསུངས་བྱུང།
ད་རེས་བལ་བོད་ས་མཚམས་སྦས་ཡུལ་རོལ་བ་གླིང་ནས་ཕེབས་པའི་དད་ལྡན་པ་རྣམས་བཞུགས་སྒར་རྡ་རམ་ས་ལར་མཉམ་དུ་ཕེབས་ནས་༧གོང་ས་མཆོག་གི་མཇལ་ཁ་ཞུས་པ་ཐེངས་མ་དང་པོ་དེ་ཆགས་ཀྱི་ཡོད་པ་རེད་འདུག་ལ། ད་བར་བལ་བོད་ས་མཚམས་རོལ་བ་གླིང་ནས་དད་ལྡན་པ་མི་གྲངས་༣༠༠ལྷག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་ཡོད་པ་རེད་འདུག
གཞན་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་རྒྱའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་སྤེལ་གསལ་ལྟར་ན། ཕྱི་ཟླ་༦ཚེས་༣དང་༤བཅས་ཉིན་གཉིས་རིང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་དབུ་མའི་ལྡེ་མིག་གི་ཆོས་འབྲེལ་སྩལ་རྒྱུ་དང་། ཕྱི་ཟླ་༦ཚེས་༡༡ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་དང་། སྨན་རྩིས་ཁང་། སྐུ་སྲུང་ཟུར་པ་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།