ངོས་རང་མེད་ཀྱང་བོད་མི་རིགས་ཀྱི་འཐབ་རྩོད་དེ་དགོས་མཁོ་བཞིན་མུ་མཐུད་གནས་ངེས་ཡིན་ཞེས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སྩལ་གནང་མཛད་ཡོད།
ཕྱི་ཟླ་ ༣ ཚེས་ ༡༡ རེས་གཟའ་མིག་དམར་ཉིན་དཔར་སྐྲུན་དབུ་འབྱེད་གནང་འཆར་ཡོད་པའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་“མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ།” ཞེས་པའི་ཕྱག་དེབ་ཀྱི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་བཞུགས་མེད་པའི་དུས་ཚོད་འབྱུང་ནའང་། བོད་མི་རིགས་ཀྱི་འཐབ་རྩོད་དེ་དམིགས་ཡུལ་ལྟར་མུ་འཐུད་གནས་ངེས་ཡིན་པ་བཀའ་གནང་ཡོད་པ། ཨ་རིའི་ཝ་ཤིན་ཏོན་ཆ་འཕྲིན་སྟེང་དཔེ་དེབ་ཀྱི་སྙིང་དོན་ངོ་སྤྲོད་དང་འབྲེལ་གནས་ཚུལ་སྤེལ་བའི་ནང་གསལ་འདུག
འདི་ལོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཞལ་གྱེས་ཏེ་རྒྱ་གར་ནང་བཙན་བྱོལ་དུ་བྲོས་བྱོལ་དུ་ཕེབས་དགོས་བྱུང་ནས་ལོ་ངོ་ ༦༦ འཁོར་གྱི་ཡོད་པ་མ་ཟད།། རྒྱ་ནག་གིས་བོད་བཙན་བཟུང་བྱས་ཏེ་ལོ་ ༧༥ འཁོར་བའི་ལོ་ཚིགས་ཀྱང་འཁེལ་གྱི་ཡོད་པ་རེད།
མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ་ (Voice for the Voiceless) ཞེས་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་འདི་འཛམ་གླིང་ནང་གྲགས་ཆེ་བའི་ཧར་པར་ཀོ་ལེན་ (Harper Collins) ཞེས་པའི་དཔེ་བསྐྲུན་ཁང་ནས་དཔར་བསྐྲུན་ཞུས་པ་ཞིག་ཡིན་པ་རེད། ཕྱག་དེབ་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ད་བར་བོད་རྒྱའི་དཀའ་རྙོག་བསལ་རྒྱུར་སྐུ་ངལ་འཛེམ་མེད་ཀྱི་ཐོག་ནས་འབད་སྩོལ་ཡོད་རྒུ་རྩལ་སྤྲུགས་གནང་བའི་མཐུ་ནུས་ཀྱི་འབྱུང་རྩ་ནི་བོད་ནང་གི་བོད་མིའི་ཆོད་སེམས་དང་སྙིང་སྟོབས་ཡིན་པ་བཀའ་གནང་འདུག་ལ། ལོ་ངོ་བཅུ་ཕྲག་མང་པོ་སོང་ཟིན་པའི་རྗེས་སུའང་བོད་མིའི་སྙིང་སྟོབས་ཞུམ་པ་མེད་པར་གནས་ཡོད་པ་ནན་བརྗོད་གནང་ཡོད་པ་རེད་འདུག
ཕྱག་དེབ་འདིའི་ནང་དོན་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འདས་པའི་ལོ་ངོ་བདུན་བཅུ་དོན་ལྔའི་རིང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གུ་ཡངས་དཀྱིལ་ཆེའི་དགོངས་པའི་ཐོག་ནས་དུས་མཚམས་མི་འདྲ་བའི་ཐོག་ཆབ་སྲིད་ཀྱི་མཛད་ཕྱོགས་མི་འདྲ་བ་ཇི་སྙེད་ཅིག་བསྐྱངས་གནང་མཛད་པའི་སྐོར་ཡིན་ཞིང་། དཔེར་ན་ལོ་རབས་ལྔ་བཅུའི་ནང་རྒྱ་ནག་ཏུ་ཆེད་ཕེབས་ཀྱིས་སྐབས་དེ་དུས་ཀྱི་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་དང་མཇལ་མོལ་གནང་བ་དང་། དེ་རྗེས་ལྷ་སར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ཞེས་པ་ཞིག་བཙུགས། དེའི་ནང་གི་བོད་དུ་བཏང་བའི་རྒྱ་ནག་གི་དཔོན་རིགས་ཚོ་དང་མཉམ་དུ་ཕྱག་ལས་གནང་ཕྱོགས། མའོ་ཙེ་ཏུང་འདས་གྲོངས་སུ་ཕྱིན་རྗེས་རྒྱ་ནག་གི་འགོ་ཁྲིད་ཏེང་ཤའོ་ཧྥིང་གི་སྐབས་བོད་ནང་སྲིད་བྱུས་གུ་ཡངས་ཟེར་བ་ལག་བསྟར་བྱས་རྗེས་ཐད་ཀར་རྒྱ་ནག་གི་འགོ་ཁྲིད་ཚོ་དང་མ་འོངས་པའི་བོད་ཀྱི་གནད་དོན་ཐད་བཀའ་མོལ་འགོ་བཙུགས་གནང་པའི་སྐོར་དང་། དེ་རྗེས་ལོ་རབས་བརྒྱད་བཅུའི་ནང་བོད་ཀྱི་མ་འོངས་པའི་ཁེ་ཕན་དང་འཛམ་གླིང་གི་འཕེལ་ཕྱོགས་སོགས་ཕྱོགས་མང་པོའི་གནས་སྟངས་ལ་གཟིགས་ཏེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདོན་སྤེལ་གནང་པ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་འཁོད་ཡོད་པ་ཨ་རིའི་ཝ་ཤིང་ཊོན་པོསིཊ་གསར་ཁང་གིས་ཕྱག་དེབ་དེའི་ནང་དོན་སྙིང་པོ་འཁོད་པ་ཞིག་ཕྱི་ཚེས་ ༦ ཉིན་འདོན་སྤེལ་བྱས་པ་དེའི་ནང་བཀོད་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ངོས་ནས་གུ་ཡངས་དཀྱེལ་ཆེའི་དགོངས་བཞེས་ཀྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཇི་ཙམ་གནང་ཡང་རྒྱ་ནག་གི་ངོས་ནས་དེ་མཚུངས་ཀྱི་ཡ་ལན་མ་བྱུང་བའི་ཁར་བོད་ནང་དམ་དྲག་ཇེ་ཆེར་བཏང་བའི་རྐྱེན་གྱིས། བོད་ནང་བོད་མི་མི་རབས་གསར་པ་ཚོས་རྒྱ་ནག་གི་སྲིད་བྱུས་ལ་ངོ་རྒོལ་བསྟུད་མར་བྱུང་བ་དང་མཐར་ས་བྱི་ཞི་རྒོལ་ཆེན་མོའི་གནས་ཚུལ་དང་། དེ་ནས་བོད་མི་ ༡༥༠ ལྷག་གིས་རང་ལུས་མེར་བསྲེགས་བཏང་བའི་ཐོག་ནས་རྒྱ་ནག་གི་སྲིད་བྱུས་ལ་ངོ་རྒོལ་བྱས་པའི་གནས་ཚུལ་སོགས་བྱུང་ཡོད་པ་ཕྱག་དེབ་དེའི་ནང་གསལ་ཡོད་འདུག ཡང་བོད་མིའི་འཐབ་རྩོད་ཀྱི་རང་བཞིན་མི་རབས་བརྗེ་བསྒྱུར་ཕྱིན་མིན་ལ་མ་བལྟོས་པར་མུ་འཐུད་གནས་ཐུབ་པའི་རྒྱུ་མཚན་གཞན་ཞིག་ནི་རྒྱ་གར་གཞུང་གིས་བོད་མི་ཚོར་དམིགས་བསལ་གཟིགས་རྟོག་གནང་པའི་བཀའ་དྲིན་ཡིན་པ་ཡང་གསལ་བཤད་གནང་འདུག
རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམས་གནང་བའི་ཕྱག་དེབ་མང་པོ་ཡོད་པའི་ནང་ནས། ཐོན་ལ་ཉེ་བའི་“མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ།” ཞེས་པ་འདི་མགོན་པོ་མཆོག་གི་ལྗགས་རྩོམ་གནང་བའི་མཛད་རྣམ་གསུམ་པ་རེད་ལ། དེ་འདོན་སྤེལ་གནང་རྒྱུ་ཡིན་པའི་གསལ་བསྒྲགས་ཐོག་མར་དེ་ནི་ལོའི་ཕྱི་ཟླ་ ༡ ཚེས་ ༢༤ ཉིན་གནང་ཡོད་ཅིང་། ཕྱག་དེབ་དེ་ཉིད་རྒྱ་སྐད་དང་། ་ཨའོསི་ཊརེ་ལི་ཡ། ཁེ་ན་ཌ། འཇར་མ་ནི། ཨི་ཊ་ལི། ཧྥ་རན་སི། ཧོ་ལེནཌི། སྦརཱ་ཛིལ་བཅས་སྐད་རིགས་འདྲ་མིན་ནང་འདོན་སྤེལ་བྱེད་འཆར་འདུག་ལ། རྒྱ་སྐད་དུ་བསྒྱུར་བའི་ཕྱག་དེབ་དེ་དང་འབྲེལ་ཏེ་༸སྐུའི་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས། རྣམ་སྤྱོད་སྡན་པའི་རྒྱ་མི་རྣམས་ཀྱིས་ཀློག་ན། རྒྱ་བོད་ཀྱི་དཀའ་རྙོག་སེལ་བར་༸གོང་ས་མཆོག་ངོས་ནས་ཐབས་ལམ་ཡོངས་རྫོགས་གནང་ཡོད་པ་ཤེས་རྟོག་བྱུང་ངེས་རེད་ཅེས་རླུང་འཕྲིན་ཁང་ལ་གསུངས་ཡོད། །
གསར་འགོད་པ། བསྟན་འཛིན་ནོར་འཛོམས། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།