༸གོང་ས་མཆོག་ནས་མོནཊེ་རིའོལ་དུ་ཞི་བདེའི་ཁོར་ཡུག་བསྐྲུན།
2009.10.04
༄༅༎བོད་མི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་མོནཊེ་རིའོལ་ནང་ཞི་བདེའི་ཁོར་ཡུག་བསྐྲུན་གནང་ཡོད་པའི་གནས་ཚུལ་ཐོན་འདུག
རེས་གཟའ་སྤེན་པའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུལ་མི་ཆིག་ཁྲི་བཞི་སྟོང་ལྷག་འདུ་འཛོམས་ཐོག་ཀུན་གྱི་རྟོགས་ཐུབ་པའི་དབྱིན་སྐད་ཕལ་བའི་བརྒྱུད་བྱམས་དང་སྙིང་རྗེའི་ནུས་པའི་སྐོར་བཀའ་སློབ་གསུང་བཤད་གནང་སྐབས་ངས་སྐད་ཆ་བཤད་ཡག་འདི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མི་གཞན་ལ་བཤོད་ཀྱི་ཡོད་པ་ལས་རང་ཉིད་ནང་པ་ཞིག་པའི་ཆ་ནས་བཤོད་ཀྱི་མེད་ལ་བོད་མི་ཞིག་ཡིན་པའི་ཆ་ནས་ཀྱང་བཤོད་ཀྱི་མེད་ཅེས་གསལ་བཤད་གནང་འདུག གསུང་བཤད་གནང་བའི་རྗེས་སུ་གློག་འཕྲིན་བརྒྱུད་བཀའ་འདྲི་ཞིག་ལ་བཀའ་ལན་གནང་སྐབས་༸གོང་ས་མཆོག་གིས་ང་དགེ་འདུན་པ་ཞིག་ཡིན་པའི་ཆ་ནས་མི་ཚེ་སྐྱེལ་སྟངས་ཐད་མཁས་དབང་ཞིག་མ་རེད། འོན་ཀྱང་ཕ་མ་ཚོས་རང་གི་ཕྲུ་གུར་བྱམས་སྐྱོང་ཚུལ་བཞིན་སྐྱོང་དགོས་པ་ཧ་ཅང་གལ་ཆེན་པ་རེད་ལ་རང་ཉིད་ལ་ཆ་བཞག་ནའང་ཕ་མ་གཉིས་ཡིག་རྨོང་རེད། འོན་ཀྱང་ཧ་ཅང་བཟང་པོ་དང་ཡ་རབས་པོ་ བྱམས་སྐྱོང་གནང་ཡོད་པས་དེས་རང་ཉིད་ལའང་བྱམས་དང་སྙིང་རྗེའི་རྩ་བ་བརྟན་པོ་ཡོད་ལུགས་གསུངས་གནང་འདུག གང་༸གོང་ས་མཆོག་གིས་ང་རང་ཚོ་ཚང་མ་སྤྱི་ཚོགས་ཀྱི་སེམས་ཅན་ཡིན་པ་དང་སེམས་ཅན་གཞན་གྱི་མཐའ་སྐོར་ནས་ཡོད་པ་དེ་ངོས་ལེན་གྱིས་རྟེན་བྱུང་གི་རྣམ་གཞག་ངོས་ལེན་གྱིས་བྱམས་དང་སྙིང་རྗེའི་བརྩེ་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་གནང་འདུག མཇུག་ཏུ་༸གོང་ས་མཆོག་གིས་བློ་སྦྱོང་བའི་སྐབས་སུ་ལས་ངན་པ་ལ་སྡང་སེམས་བྱེད་པ་ལས་བྱེད་པ་པོ་ལ་སྔང་སེམས་མི་བྱེད་རྒྱུའི་སེམས་སྟོབས་བསྐྱེད་དགོས་ལུགས་གསུངས་གནང་འདུག།