ནང་པའི་གཞུང་ལས་བྱུང་བའི་ཚན་རིག་དང་ལྟ་གྲུབ།
2018.11.07
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་བཞུགས་ཐོག་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་ནང་པའི་གཞུང་ལས་བྱུང་བའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་གླེགས་བམ་གསུམ་པ་དང་བཞི་པའི་མཐའ་མའི་གཏན་བེབས་གནང་ཕྱོགས་ཐད་མཁས་དབང་དགེ་བཤེས་ཁག་གཅིག་ལྷན་ཞུགས་ཀྱིས་བགྲོ་གླེང་ཞིག་གནང་ཞིང་། ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་གིས་དབུས་པའི་ཚོགས་མི་རྣམ་པ་དང་། ལག་བསྟར་རྩོམ་སྒྲིག་པ། སྐུའི་རྒྱ་སྐད་དང་དབྱིན་སྐད་བཅས་ཀྱི་གསུང་བསྒྱུར་ལོ་ཙཱ་བ་རྣམ་པ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་དཔེ་ཁྲིད་དགེ་བཤེས་རྣམ་པ་བཞི་དང་། དེ་མིན་ཟུར་ཉན་བཅས་ལྷན་འཛོམས་ཐོག རྩོམ་སྒྲིག་པ་རྣམ་པ་བཞིས་ས་བཅད་ཆ་བགོས་ལྟར་ལྟ་གྲུབ་ཀུན་བཏུས་ཀྱི་བརྗོད་དོན་ཁག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་ཞུས་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བླ་ན་མེད་པའི་དགོངས་གཞི་དང་འབྲེལ་བའི་ལམ་སྟོན་བསྩལ་གནང་མཛད་འདུག