ཡེ་ཤུའི་བླ་ཆེན་པོབ་ཧྤ་རན་སིས་མཆོག་དགོངས་པ་རྫོགས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོ་དང་འབྲེལ། ཞིང་གཤེགས་དམ་པར་ལེགས་སྐྱེས་བཟང་ཤོས་སེམས་བཟང་པོ་བྱ་རྒྱུ་དེ་ཡིན་ཞེས་བཀའ་སྩལ་བ།

2025.04.21
ཡེ་ཤུའི་བླ་ཆེན་པོབ་ཧྤ་རན་སིས་མཆོག་དགོངས་པ་རྫོགས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོ་དང་འབྲེལ། ཞིང་གཤེགས་དམ་པར་ལེགས་སྐྱེས་བཟང་ཤོས་སེམས་བཟང་པོ་བྱ་རྒྱུ་དེ་ཡིན་ཞེས་བཀའ་སྩལ་བ། ༸གོང་ས་༸སྐྱབས་མགོན་པོ་མཆོག་དང་པོབ་ཧྤ་རན་སིས།
སྒྲིག་བཟོ།

ཟླ་ ༤ ཚེས་ ༢༢ ཉིན་གནས་ཚུལ་ཁ་སྣོན་བྱས་ཡོད།

ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༢༡ ཉིན་ཡེ་ཤུའི་བླ་ཆེན་པོབ་ཧྤ་རན་སིས་མཆོག་ཨི་ཊ་ལིར་ཁོང་གི་གཟིམ་ཁང་དུ་དགུང་ལོ་ ༨༨ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་སྐྱབས་འཇུག་མཛད་འདུག

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཡི་ཤུའི་ཆོས་དོན་སྐུ་ཚབ་བཀུར་འོས་ལེའོ་པོལ་ཌོ་གྷི་རེལ་ལི་(Leopoldo Girelli)མཆོག་ལ་ཡེ་ཤུའི་བླ་ཆེན་པོབ་ཧྤ་རན་སིས་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོའི་གསུང་ཕྲིན་སྩལ་བའི་ནང་། ཡེ་ཤུའི་བླ་ཆེན་པོབ་ཧྤ་རན་སིས་མཆོག་དགོངས་པ་རྫོགས་པར་འཛམ་གླིང་ཁྱོན་ཡོངས་ཀྱི་ཁོང་གི་རྗེས་འཇུག་གདུལ་བྱ་རྣམས་ཐུགས་གསོ་དང་བསྔོ་སྨོན་ཞུ་རྒྱུ་ཡིན། པོབ་ཧྤ་རན་སིས་མཆོག་གིས་རྟག་ཏུ་རང་ཉིད་དམའ་སར་བཟུང་ཞིང་། དོན་དང་ལྡན་པའི་མི་ཚེ་སྐྱེལ་པ་བརྒྱུད་གཞན་ཕན་གྱི་ཞབས་ཞུ་བསྒྲུབས་ཏེ་སྐུ་ཚེ་བཟང་མཐའ་ཁྱོལ་ཡོད་ཅེས་དང་།

དེ་བཞིན་མགོན་པོ་མཆོག་གིས་ཞིང་གཤེགས་དམ་པ་དེའི་ཆེད་ལེགས་སྐྱེས་བཟང་ཤོས་ནི་གང་ཐུབ་ཀྱིས་སེམས་བཟང་པོ་དང་གཞན་ལ་ཕན་ཐོགས་རྒྱུ་དེ་ཡིན་ཞེས་བཀའ་སྩལ་འདུག

དེ་འབྲེལ་ཕྱི་ཚེས་ ༢༢ རེས་གཟའ་མིག་དམར་ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་འཚོག་རྒྱུ་རེད་འདུག 

པོབ་ཧྤ་རན་སིས་མཆོག་བར་ལམ་ནས་སྐུ་གཟུགས་བདེ་མིན་དུ་གྱུར་ཡོད་པ་དང་། ཟླ་བ་ ༤ ཚེས་ ༢༡ ཉིན་ཨེ་ཊ་ལིའི་ཁོང་གི་བཞུགས་གནས་སུ་ས་གནས་ཀྱི་སྔ་དྲོའི་ཆུ་ཚོད་ ༧:༣༥ ཐོག་དགུང་ལོ་ ༨༨ ཐོག་དགོངས་པ་རྫོགས་འདུག 

གཞི་རྩའི་ཕྱི་ལོ་ ༢༠༡༤ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིར་ཆིབས་སྒྱུར་སྐབས་པོབ་ཧྥ་རིན་སིས་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བཀུར་ཆེན་པོ་ཞུ་གི་ཡོད་ནའང་། རྒྱ་ནག་ལྷན་དང་འབྲེལ་བའི་དབང་གིས་མགོན་པོ་མཆོག་དང་མཇལ་འཕྲད་གནང་ཐུབ་ཀྱི་མེད་པ་བསྒྲགས་ཡོད། དེ་སྔའི་ཡེ་ཤུའི་བླ་ཆེན་པོབ་པོལ་དྲུག་པ་(Paul VI)དང་། པོབ་ཇོན་པོལ་གཉིས་པས་(John Paul II)བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད། །

གཞན་ཡང་ཟླ་ ༤ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་སྤྱི་ཚོགས་དྲྭ་ལམ་ (X) ཐོག ཡེ་ཤུའི་བླ་ཆེན་པོབ་ཧྤ་རན་སིས་མཆོག་དགོངས་པ་རྫོགས་པར་ཐུགས་གསོ་མཛད་འདུག་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཡེ་ཤུའི་བླ་ཆེན་པོབ་ཧྤ་རན་སིས་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུས་རྒྱུ་དང་ཁཽང་གི་རྗེས་འཇུག་པ་ཡོངས་ལ་ཐུགས་གསོ་ཞུ་ཞེས་དང་། པོབ་ཧྤ་རན་སིས་མཆོག་ནི་བྱམས་བརྩེ་དང་འགྲོ་བ་མི་གཅིག་གྱུར་གྱི་དགོངས་པ་བཞེས་མཁན་གྱི་སྐྱེ་བོ་ཞིག་ཡིན་ཞིང་། ཁོང་གིས་བདེན་པའི་རྒྱབ་ལངས་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་ཐུགས་ཁུར་རྒྱ་ཆེ་བཞེས་ཡོད་པ་དེས། བོད་བརྒྱུད་ནང་བསྟན་གཙོ་བོར་གྱུར་བའི་ཆོས་ལུགས་གཞན་མང་དག་ཅིག་ལ་བག་ཆགས་ཟབ་མོ་འཇོག་ཐུབ་པ་བྱུང་ཡོད་ཅེས་གསུངས་འདུག སྲིད་སྐྱོང་མཆོག་གིས་མཇུག་ཏུ། དཀའ་ཚེགས་ཆེ་བའི་དུས་ཚིགས་དང་བསྟུན་ང་ཚོས་འཛམ་གླིང་ཡུལ་གྲུ་གང་སར་གནས་སྡོད་ཡེ་ཤུའི་ཆོས་ལུགས་འཛིན་པ་ཡོངས་ལ་མྱ་ངན་ཞུ་རྒྱུ་དང་། ཡེ་ཤུའི་བླ་ཆེན་པོབ་ཧྤ་རན་སིས་མཆོག་གི་བྱམས་བརྩེ་ལྡན་པའི་འཇིག་རྟེན་བསྐྲུན་རྒྱུའི་དགོངས་པ་དེས་ང་ཚོར་མུ་མཐུད་ལམ་སྟོན་མཛད་པའི་སྨོན་ལམ་ཡོད་ཅེས་གསུངས་འདུག

དེ་མཚུངས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་ཀྱང་ཡེ་ཤེ་བླ་ཆེན་པོབ་ཧྥ་རན་སིས་མཆོག་དགོངས་པ་རྫོགས་པར་མྱ་ངན་གུས་འདུད་དང་བཅས། ཡེ་ཤུའི་བླ་ཆེན་ཁོང་ནི་ཞི་དུལ་དང་། བྱམས་བརྩེ། བཟང་སྤྱོད་དང་ལྡན་པའི་ཐོག་དབུ་ཁྲིད་ཀྱི་མཛད་འགན་བཞེས་མཁན་ཞིག་ཡིན་ཞིང་། དམ་པ་ཁོང་གིས་དབུལ་ཕོངས་ཉམ་ཐག་ལ་གཟིགས་རྟོག་དང་། ཁོར་ཡུག་སྲུང་སྐྱོབ། ཞི་བདེ་དང་གྲོས་མོལ་གོང་མཐོར་གཏོང་ཐབས་ཀྱི་མཛད་ཁུར་བཞེས་པའི་ཐོག་ནས། ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་ཆོས་བརྒྱུད་འཛིན་པ་ཙམ་མ་ཡིན་པར། འཛམ་གླིང་འདིར་གནས་པའི་མི་ཧ་ཅང་མང་པོར་སེམས་ཤུགས་སྤར་ཡོད་པ་མ་ཟད། ཤུགས་རྐྱེན་ཡང་ཟབ་མོ་ཐེབས་ཡོད། དམ་པ་ཁོང་གི་མཛད་རྗེས་རྣམས་མི་རབས་ནས་མི་རབས་བརྒྱུད་མུ་མཐུད་གནས་ངེས་ཡིན། ཞེས་གསུངས་འདུག 

hhdl-pope.jpg
པོབ་ཇོན་པོལ་མཆོག་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བར་མཇལ་འཕྲད་གནང་བ། (༢༠༠༤།༡༡།༢༧)

གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎