ཨོསིཊེལི་ཡའི་སྲིད་བློན་ལ་འཚམས་འདྲི།
2013.06.29

༄༅༎ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༨ རེས་གཟའ་པ་སངས་ཉིན། བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཨོ་སི་ཊེ་ལེ་ཡའི་སྲིད་བློན་Kevin Rudd མཆོག་ལ་སྲིད་བློན་གྱི་མཚན་གནས་འགན་བཞེས་གནང་ནས་དངོས་སུ་ཕྱག་ལས་དབུ་ཚུགས་གནང་བར་བཀྲིས་བདེ་ལེགས་ཞུས་གནང་ཡོད་པ་དང་། ༧གོང་ས་མཆོག་གིས་ཨོ་སེ་ཊེ་ལི་ཡའི་སྲིད་བློན་Kevin Rudd མཆོག་ལ་གནང་བའི་ཕྱག་བྲིས་དེའི་ནང་། ཉེ་སྔོན་༧གོང་ས་མཆོག་ཨོ་སི་ཊེ་ལི་ཡའི་ནང་ཆིབས་བསྒྱུར་གནང་སྐབས། ཨོ་སི་ཊེ་ལེའི་ས་གནས་གང་ས་ནས་མི་མང་ཚོས་སྲིད་བློན་Rudd ཁྱེད་ལ་མཛའ་མཐུན་གྱི་དགའ་མོས་ཆེན་པོ་ཞུ་བཞིན་ཡོད་པར་ཐུགས་མཉེས་འཚོར་ཆེན་པོ་བྱུང་ལུགས་དང་། ད་རེས་སྐུ་ཉིད་སྲིད་བློན་གྱི་མཚན་གནས་སུ་བསྐྱར་འདེམས་བྱུང་བར་བཀྲིས་བདེ་ལེགས་ཡོད་ཅེས་གསལ་ཡོད་པ་རེད།
དེ་བཞིན་༧གོང་ས་མཆོག་གིས་སོག་པོའི་སྲིད་འཛིན་Tsakhiagiin Elbegdor མཆོག་སླར་ཡང་སོག་པའི་སྲིད་འཛིན་གྱི་མཚན་གནས་སུ་མུ་མཐུད་དེ་འདེམས་ཐོན་བྱུང་བར་བཀྲིས་བདེ་ལེགས་ཞུས་གནང་ཡོད་པ་རེད།