ཨ་རིའི་སྲིད་འཛིན་ཟུར་པ་བྷུ་ཤུ་དང་༧གོང་ས་མཆོག་མཇལ་འཕྲད།
2015.07.01
ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་བྷུ་ཤུ་ཡིས་གདན་ཞུ་ལྟར་༧གོང་ས་མཆོག་གིས་ཨ་རིའི་Texasནང་མཛད་འཕྲིན་སྤེལ་བཞིན་པ་རེད།
དེ་ཡང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཡུལ་ནང་གི་ཆིབས་བསྒྱུར་མཛད་འཕྲིན་ཁག་ལེགས་སྒྲུབ་ཟིན་པའི་རྗེས་སུ། དེ་རིང་ཚེས༡ཉིན་ཨ་མི་རི་ཀའི་ལྷོ་ཕྱོགས་མངའ་སྡེ་Texasཡི་གྲོང་ཁྱེར་ཆེན་པོ་Dallas ནང་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། དེ་ནི་ཨ་རིའི་སྲིད་འཛིན་ཟུར་པ་George W. Bushམཆོག་གིས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕེབས་སྐབས། ཨ་རིའི་སྲིད་འཛིན་ཟུར་པ་George W. Bushམཆོག་དང་ཁོང་གི་སྐུ་ཟླ་Laura Bushརྣམ་གཉིས་ཀྱིས་ཕེབས་བསུ་དང་མཇལ་འཕྲད་གནང་ཡོད་པ་རེད། དེ་རྗེས་Bush Centerཞེས་སྲིད་འཛིན་ཟུར་པ་George W. Bushབསྟི་གནས་དཔེ་མཛོད་ཁང་ལ་ཆིབས་བསྒྱུར་བསྐྱངས་གནང་བ་དང་། ཉིན་རྒྱབ་ཕྱག་ཚོད་༡་དང་ཕྱེད་ཀའི་ཐོག་༧གོང་ས་མཆོག་བྷུ་ཤུ་བསྟི་གནས་ཁང་དང་འབྲེལ་ཡོད་Southern Methodist Universityཞེས་པའི་གཙུག་ལག་སློབ་གྲ་ཆེན་མོའི་ནང་A conversation with His Holiness the 14th Dalai Lamaའམ་སྤྱི་ནོར་༧གོང་ས་སྐྱབས་མགོན་སྐུ་ཕྲེང་༡༤་པ་མཆོག་གི་ལྷན་དུ་བཀའ་མོལ་ཞེས་པའི་བགྲོ་གླེང་ཐོག་དབུ་བཞུགས་བཀའ་སློབ་གནང་ཡོད། བགྲོ་གླེང་དེ་བཞིན་ཨ་རིའི་གསར་འགོད་པ་གྲགས་ཅན་ལྕམ་Cookie Robertsལགས་ཀྱིས་གཙོ་སྐྱོང་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠་བཞེས་པའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་ཆེད་ཨ་རིའི་སྲིད་འཛིན་ཟུར་པ་ཇོར་ཇ་བྷུ་ཤུ་མཆོག་ནས་མགོན་པོ་གང་ཉིད་ལ་གསོལ་ཚིགས་གཟབ་རྒྱས་ཤིག་འདེགས་འབུལ་ཞུ་རྒྱུ་ཡིན་འདུག་ལ་སྐབས་དེར་གནད་ཡོད་མི་སྣ་བརྒྱ་ལྷག་ཙམ་ཆེད་བཅར་ཞུ་འཆར་འདུག འདི་ཟླའི་ཚེས་༦་ཉིན་༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༠་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཡིན་པ་དང་། ཉིན་དེར་ཨ་རིའི་སྲིད་འཛིན་ཟུར་པ་George Bushམཆོག་དགུང་གྲངས་༦༩་ཕེབས་པའི་འཁྲུངས་སྐར་དུས་ཆེན་དུས་མཉམ་འཁེལ་གྱི་ཡོད་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།