༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་ནས་སུད་སིར་ཆིབས་ཞལ་བསྒྱུར་གནང་སོང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནིའུ་ཡོག་གི་(Hospital of special surgery)ཞེས་དམིགས་བསལ་བཤག་བཅོས་སྨན་ཁང་དུ་༧སྐུའི་ཞབས་པུས་དངོས་སུ་སྨན་བཅོས་ལེགས་འགྲུབ་བྱུང་རྗེས། དམངས་ཁྲོད་ཀྱི་མཛད་འཕྲིན་ཐོག་མ་འདི་ནིའུ་ཡོག་མངའ་སྡེའི་ཨི་ཐི་ཁ་ས་གནས་སུ་ཕྱག་བཏབ་པའི་༧གོང་ས་༧སྐྱབས་མགོན་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དཔེ་མཛོད་དང་ཤེས་ཡོན་བསྟི་གནས་ཁང་དུ་ཕྱི་ཟླ་ ༨ ཚེས་ ༡༦ ཉིན་ཆིབས་བསྒྱུར་མཛད་དེ་རབ་གནས་སོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་པ་དང་། དེ་ནས་ཁ་སང་ཕྱི་ཚེས་༢༢ ཉིན་བྱང་ཨ་རིའི་བོད་མི་དང་། སོག་པོའི་མི་མང་། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་མང་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་ UBS Arena ཞེས་པའི་ཚོགས་ཁང་དུ་ཨ་མི་རི་ཀའི་མངའ་སྡེ་ ༣༠ ཙམ་དང་ཁེ་ན་ཌ་བཅས་ནས་མི་གྲངས་ ༡༧༠༠༠ ཆིག་ཁྲི་བདུན་སྟོང་ལྷག་འདུ་འཛོམས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་པ་སོགས་ཀྱི་མཛད་འཕྲིན་གྲུབ་རྗེས་དེ་རིང་སྔ་དྲོ་ཕྱག་ཚོད་༤།༣༠ ཙམ་ལ་ཨ་རི་ནས་སུད་སིར་ཆིབས་ཞལ་བསྒྱུར་གནང་ཡོད་པ་རེད།
དེ་རིང་སྔ་དྲོ་༸གོང་ས་མཆོག་ལ་ཕེབས་སྐྱེལ་ཆེད་བོད་མི་མང་པོ་ཞིག་༸མགོན་པོ་གང་ཉིད་བཞུགས་ཡུལ་གསོལ་མགྲོན་ཁང་གི་གཡས་གཡོན་དུ་བཅར་ནས་ལག་ཏུ་དྲི་ཞིམ་མེ་ཏོག་དང་། དཀར་གཙང་མཇལ་དར་སོགས་བསྣམས་ནས་ཕེབས་འདུག་ལ། ཁ་ཤས་ཀྱིས་མཚན་དཀྱིལ་ཆུ་ཚོད་གཉིས་པ་ཙམ་ནས་སྒུག་ཞུས་ཡོད་པ་རེད་འདུག ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་ བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ལགས་ཀྱི་ང་ཚོ་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་དུས་ཡུན་ཐུང་ངུ་དེ་འདྲ་ཞིག་ལ་༸གོང་ས་མཆོག་གི་ཞལ་མཇལ་དང་གསུང་ཐོས་རྒྱུའི་གོ་སྐབས་བྱུང་བ་དེ་ང་ཚོ་བསོད་ནམས་ཆེན་པོ་ཡིན་ཅེས་གསུངས་པ་དང་། ཁ་སང་བརྟན་བཞུགས་སྐབས་བོད་མི་རྣམས་ཨ་རིའི་ས་གནས་གཅིག་ཏུ་འདུ་འཛོམས་བྱུང་བ་དེ་ཧ་ལམ་འདུ་འཛོམས་ཆེ་ཤོས་ཤིག་ཡིན་པ་དང་། བོད་མི་དེ་འདྲ་མང་པོ་ཞིག་ཨ་རིའི་ནང་སླེབས་པ་དང་གཞི་ཆགས་པ་དེ་༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ཡིན་པ་དང་། བོད་མི་རྣམས་ནས་རྒྱུན་ཏུ་བཀའ་དྲིན་བསམ་ཤེས་དགོས་པའི་དྲན་བསྐུལ་གནང་སོང་། ཁོང་གིས་ད་དུང་། ༸མགོན་གང་ཉིད་གསོལ་མགྲོན་ཁང་ནས་ཆིབས་ཞལ་མ་བསྒྱུར་གོང་༸གོང་ས་མཆོག་ནས་ང་ཚོ་བསྐྱར་དུ་མཇལ་གྱི་རེད་ཅེས་བཀའ་སློབ་གནང་ཡོད་སྐོར་གསུངས་སོང་།
ཕྱི་ཚེས་ ༢༥ ཉིན་སུད་སིར་ཆིབས་བསྒྱུར་གནང་སྟེ་ཛུ་རིག་གྲོང་ཁྱེར་ཏུ་དུས་ཡུན་ཐུང་ཙམ་བཞུགས་པའི་རིང་ཕྱི་ཚེས་ ༢༥ ཉིན་ཧེལེན་སིཊེཌིཡོན་ (Hallenstadion) ཚོགས་ཁང་དུ་སུད་སི་བོད་རིགས་ཚོགས་པས་མཚོན་དོན་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ཚེས་༢༦ཉིན་༧གོང་ས་མཆོག་སིད་སི་ནས་རྒྱ་གར་ལ་ཆིབས་གནང་ཡིན་འདུག།
གསར་འགོད་པ། སྒྲོལ་དཀར། པ་སངས་དོན་ལྡན།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།