༧གོང་ས་མཆོག་གིས་ཨ་རིའི་རྒྱལ་སའི་མཛད་འཕྲིན་ལེཊ་པར་གྲུབ་པ།
2016.06.16
བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་ནང་གི་ཆིབས་བསྒྱུར་མཛད་འཕྲིན་ཁག་ལེགས་གྲུབ་ཟིན་ཡོད་པ་དང་། འདི་ཚེས་༡༦་ཉིན་གྱི་སྔ་དྲོའི་ཆུ་ཚོད་༧་པ་ཡོལ་ཙམ་ལ་ཨ་རིའི་ནུབ་ཕྱོགས་མངའ་སྡེ་ཀེ་ལི་ཕོར་ནིའི་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་སོང་།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་ནང་རྟེན་གཞི་བྱེད་པའི་American Univeristy་ཞེས་ཨ་མེ་རི་ཀའི་གཙུག་ལག་སློབ་གྲ་ཆེན་མོའི་ནང་མང་ཚོགས་ལ། དེང་དུས་ཀྱི་འཛམ་གླིང་ནང་ནང་སེམས་ཀྱི་ཞི་བདེ་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་བ་མ་ཟད། རང་རིགས་ཚོར་བོད་ཀྱི་ཆོས་དང་རིག་གཞུང་བདག་གཅེས་སྲུང་སྐྱོབ་གནང་དགོས་པ་སོགས་དམིགས་བསལ་བཀའ་སློབ་སྩལ་བ་དང་། དེ་བཞིན་ཨ་རིའི་ཞི་བདེའི་ལྟེ་གནས་ཁང་དུ་བཀའ་སློབ་སྩལ་བ། ཨ་རིའི་གྲོས་ཚོགས་ནང་གྲོགས་ཚོགས་འཐུས་མི་གཙོས་པའི་ཆེས་མཐོའི་མི་སྣ་ཁག་མཇལ་འཕྲད་གནང་བ་དང་བོད་དོན་ཞུ་འབོད་གནང་བ།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་བསྒྲིགས་ཞུས་པའི་ཚོགས་འདུའི་ཐོག་དབུ་བཞུགས་ཀྱིས་བཀའ་སློབ་སྩལ་བ། ཡང་NED་ཞེས་མང་གཙོ་ལྟེ་གནས་ཁང་ནང་གཞོན་སྐྱེས་ཚོའི་བགྲོ་གླེང་ཐོག་དབུ་བཞུགས་ཀྱིས་བཀའ་སློབ་ལམ་སྟོན་མཛད་པ། ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་མཇལ་འཕྲད་བཀའ་མོལ་གནང་བ་སོགས་ཆིབས་བསྒྱུར་མཛད་འཕྲིན་རླབས་ཆེན་བསྐྱངས་གནང་མཛད་ཡོད་པ་རེད།
ཚེས་༡༦ཉིན་༧གོང་ས་མཆོག་བཞུགས་གནས་མགྲོན་ཁང་ལ་ཕེབས་སྐྱེལ་ཞུ་བར་ས་གནས་བོད་མི་དང་། ཕྱི་རྒྱལ་བ་སོགས་མི་མང་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་སོགས་བསྣམས་ནས་བཅར་བ་དང་། ༧གོང་ས་མཆོག་ནས་དེར་ཡོད་མི་མང་རེ་རེ་མཇལ་ཁ་དང་བཀའ་མོལ་གནང་བ་དང་། སྐབས་དེར་ས་གནས་བོད་མི་ཞིག་གིས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ཅེས་པའི་གསོལ་བ་སྨོན་ལམ་བཏབ་སྐབས། ༧གོང་ས་མཆོག་གིས་༧མགོན་པོ་གང་ཉིད་དགུང་ལོ་བརྒྱ་བར་བཞུགས་རྒྱུའི་ཞལ་བཞེས་མཛད་སོང་བས། མི་མང་རྣམས་སེམས་ཧ་ཅང་དགའ་པོ་བྱུང་ནས་དགའ་བའི་མིག་ཆུ་རང་དབང་མེད་པར་ཤོར་སོང་།
དེ་ནས་༧གོང་ས་མཆོག་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ནས་ཨ་རིའི་ནུབ་ཕྱོགས་མངའ་སྡེ་ཀེ་ལི་ཕོར་ནིའི་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་སོང༌༎
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།