མྱོང་ཚོར་དང་ལུས་པོའི་གྲུབ་ཆའི་ཐོག་ནས་འགྲོ་བ་མི་ཡོངས་རྫོགས་གཅིག་པ་ཡིན། ༧གོང་ས་མཆོག་གིས།


2019.01.28
༧གོང་ས་མཆོག་གིས་ཨ་རི་གཙོས་ཕྱིའི་སློབ་ཕྲུག་མང་པོར་མཇལ་ཁ་དང་བཀའ་སློབ་སྩལ་སྐབས། ༢༠༡༩།༡།༢༨ ༧གོང་ས་མཆོག་གིས་ཨ་རི་གཙོས་ཕྱིའི་སློབ་ཕྲུག་མང་པོར་མཇལ་ཁ་དང་བཀའ་སློབ་སྩལ་སྐབས། ༢༠༡༩།༡།༢༨
OHHDL

བྱམས་བརྩེ་ནི་མིའི་གཞི་རྩའི་ཡོན་ཏན་ཡིན་པ་དང་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ཡོངས་རྫོགས་ཚོར་མྱོང་དང་ལུས་པོའི་ཐོག་ནས་གཅིག་འགྱུར་ཡིན་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སྩལ་འདུག
དེ་ཡང་ཕྱི་ཟླ་ ༡པོའི་ཚེས་༢༨ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀ་དང་ཁེ་ན་ཌ། དེ་བཞིན་ཨིསྀ་རེལ་རྒྱལ་ཁབ་བཅས་ནས་བཅར་བའི་ཇུའུ་མི་རིགས་ཀྱི་སློབ་ཕྲུག་ཕོ་མོ་༥༩ ལ་བཞུགས་སྒར་རྡ་རམ་ས་ལར་མཇལ་ཁ་སྩལ་སྐབས།  ༧གོང་ས་་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ལ་དགོངས་པའི་ཐུགས་བསྐྱེད་དམ་བཅའ་ཁག་ངོ་སྤྲོད་གནང་ཞིང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མི་ཐེར་འབུམ་བདུན་ཡོངས་རྫོགས་མྱོང་ཚོར་དང་སེམས་ཁམས། ལུས་པོ་བཅས་ཀྱི་ཆ་ནས་གཅིག་གྱུར་ཡིན་ཁར། དེང་སང་ཚན་རིག་པ་འགས་མིའི་ལྷན་སྐྱེས་ནི་བྱམས་བརྩེའི་རང་བཞིན་ཡིན་པར་བརྗོད་བཞིན་པ་ནི་བདེན་པར་གཟིགས་ཡོད་པ་བཀའ་གནང་པ་དང་། ། དེར་བརྟེན་ཐུགས་བསྐྱེད་དམ་བཅའ་དང་པོ་ནི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། བྱམས་བརྩེ་དང་སྙིང་རྗེ་བཅས་འགྲོ་བ་མིའི་བཟང་པོའི་ཡོན་ཏན་གྱི་རིགས་གོང་འཕེལ་ཡོང་ཐབས་གནང་གི་ཡོད་པ་བཀའ་གནང་ཡོད་པ་རེད།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ནི་སྐྱེ་བ་ཕྱི་མ་དང་དཀོན་མཆོག་བཅས་ལ་འབྲེལ་བ་གང་ཡང་མེད་པར་མིའི་བདེ་སྐྱིད་ཀྱི་ཆེད་དམིགས་པ་ཁོ་ན་ཡིན་པ་གསལ་བཤད་གནང་པ་དང་། ཐུགས་བསྐྱེད་དམ་བཅའ་གཉིས་པ་ནི་ཆོས་ལུགས་མཐུན་སྒྲིལ་ཡོང་ཐབས་སུ་འབད་བརྩོན་གནང་བཞིན་ཡོད་པ་བཀའ་གནང་ཡོད་པ་རེད།  དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་འཇིག་རྟེན་བཀོད་པ་འདོད་པ་དང་མི་འདོད་པའི་ཆོས་ལུགས་སྣ་ཚོགས་པ་ཞིག་ཡོད་ན་ཡང་།  འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཚང་མས་བྱམས་བརྩེ་བསླབ་བྱ་གཙོ་དོན་གནང་གི་ཡོད་པ་ནི་གཅིག་མཚུངས་ཡིན་པ་བཀའ་གནང་ཞིང་།  དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ཁག་ལྟར་ན། ང་ཚོ་ཡོངས་རྫོགས་དཀོན་མཆོག་གཅིག་གིས་བཀོད་བཞག་པ་ཡིན་པས། མི་ཡོངས་རྫོགས་གཅིག་གྱུར་དང་ཕ་གཅིག་གི་མིང་སྲིང་ལྟ་བུར་ཆགས་ཡོད་པ་དང་། འཇིག་རྟེན་བྱེད་པོ་མི་འདོད་པ་ཡིན་ནའང་ལས་ཀྱི་རྣམ་གཞག་ཐོག་ནས་སོ་སོས་བྱམས་བརྩེ་དང་འཚེ་བ་མེད་པ་བཅས་བསྟེན་ན། ཚེ་འདི་ག་ཙམ་མིན་པར་ཕྱི་མ་ལའང་འབྲས་བུ་བཟང་པོ་སྨིན་རྒྱུ་ཡོད་པར་འཇོག་གི་ཡོད་པས། ཆོས་ལུགས་ཚང་མས་རྩལ་འདོན་བྱེད་རྒྱུ་དེ་གཅིག་གྱུར་ཆགས་ཡོད་སྟབས་ཆོས་ལུགས་ནང་ཕན་ཚུན་མཐུན་བསྒྲིལ་འབྱུང་ཐབས་སུ་འབད་བརྩོན་གནང་རྒྱུ་དེ་ཡིན་པ་བཀའ་གནང་ཡོད་པ་རེད།
ཐུགས་བསྐྱེད་དམ་བཅའ་གསུམ་པ་ནི་བོད་མི་ཞིག་ཡིན་པའི་ཆ་ནས་གཙོ་བོ་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ནཱལེནྡྲའི་ཆོས་རྒྱུད་གཅེས་འཛིན་ལ་ཐུགས་འགན་བཞེས་ཀྱི་ཡོད་པ་བཀའ་གནང་ཡོད་པ་རེད།
མཇལ་ཁ་གྲུབ་མཚམས་ཁེ་ན་ཌའི་སློབ་ཕྲུག་མོ་ལཱི་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འགྲོ་བ་མི་ཡོངས་རྫོགས་གཅིག་འགྱུར་དང་འདྲ་མཉམ་གྱི་དགོངས་གཞི་དེ་སྤྱི་ཚོགས་ནང་ཉམས་ལེན་དང་གོམས་གཤིས་སུ་འཇོག་ཐུབ་ན་སྤྱི་ཚོགས་ལ་འགྱུར་བ་ཡར་རྒྱས་ཡོང་བ་ཡོང་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎