༧གོང་ས་མཆོག་གིས་བློ་སྦྱོང་ཚིག་བརྒྱད་མའི་གསུངས་ཆོས་གནང་བ།
2016.03.09

དེ་ཡང་འདི་ཚེས་༨ཉིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཁའི་ཝི་སི་ཀོན་སིན་མངའ་སྡེའི་ནང་གི་(Madison Masonic Center)ཚོགས་ཁང་ནང་། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་གནང་ཡོད་པ་དང་། དེ་རིང་ཚེས་༩ཉིན་༧གོང་ས་མཆོག་གིས་སེམས་ཀྱི་སྐོར་རང་གཞན་རོགས་གསུམ་ལ་ཕན་པའི་ལྷག་བསམ་གྱི་ཀུན་སློང་རང་རྒྱུད་ལ་སྐྱེ་ཐབས་སྐོར་བགྲོ་གླེང་གནང་གི་ཡོད་པ་རེད།
ཚེས༨ཉིན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཚོགས་རྭའི་ནང་ཆིབས་བསྒྱུར་གནང་བའི་སྐབས། དེ་གའི་ཝི་སི་ཀོན་སིན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་བརྟན་སྒྲོལ་དཀར་ལགས་དང་། བོད་རིགས་སོགས་མི་གྲངས་སྟོང་ཕྲག་བརྒལ་བས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་རྩེ་གཅིག་གི་སྒོ་ནས་དགའ་བསུ་གཟབ་རྒྱས་ཞུས་གནང་ཡོད་པ་རེད།
དེ་བཞིན་ཨ་རིའི་ས་གནས་གྲོས་ཚོགས་ཀྱི་ཚོགས་མི་(Mark Pocan)གིས་ཀྱང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་དར་གྱི་དགའ་བསུའི་མཇལ་འཕྲད་ཞུས་གནང་ཡོད་པ་རེད།
དེ་བཞིན་དེ་གར་འབྲེལ་ཡོད་གལ་ཆེའི་མི་སྣ་མང་པོ་ཕེབས་བཞུགས་ཀྱི་ཐོག། དེ་གར་༧གོང་ས་མཆོག་གིས་དེར་འདུས་པའི་མི་མང་ཚོར་ཁྱེད་རྣམས་དེ་རིང་སླར་ཡང་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་བྱུང་བར་ཐུགས་མཉེས་པོ་བྱུང་ཞེས་བཀའ་སྩལ་གནང་ཡོད་པ་རེད།
དེ་བཞིན་མིའི་རིགས་ཀྱི་རིན་ཐང་དང། བདེ་སྐྱིད་དེ་བཞིན་རིས་མེད་ཆོས་ལུགས་དང་སྤྱི་ཚོགས་ཀྱི་ནང་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཕྱོགས་སོགས་ཀྱི་སྐོར་བཀའ་སློབ་བཀྲིན་སྩལ་གནང་ཡོད་པ་རེད།
༧གོང་ས་མཆོག་ད་རེས་དེ་ཁུལ་ཕེབས་རྒྱུན་རིང་ལ་Dane County ས་གནས་ལྷན་ཁང་གི་གཞུང་ཁང་ཐོག་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཞུས་ཡོད་པ་དང་། སྤྱི་ཟླ་༣་ཚེས་༡༠་ཉིན་བོད་ནང་རྒྱ་ནག་གཞུང་གི་བཙན་དབང་ལ་ངོ་རྒོལ་བྱེད་པའི་དུས་དྲན་སྲུང་བརྩིའི་ཉིན་མོར་རྒྱབ་སྐྱོར་མཚོན་ཐབས་གནང་བ་སོགས་ཀྱི་རྣམ་པའི་འོག ༧གོང་ས་མཆོག་གིས་དེ་གའི་ས་གནས་མི་མང་ཚོར་འཚམས་འཕྲིན་གྱི་བཀའ་བཟང་ཕེབས་ཡོད་པ་རེད།
གསར་འགོད་པ་ཕྲེང་རིང་བསྟན་ནོར།