བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དཔལ་ལྡན་འབྲས་སྤུངས་སུ་ཞབས་སོར་བདེ་འཁོད།


2019.12.12
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དཔལ་ལྡན་འབྲས་སྤུངས་སུ་ཞབས་སོར་བདེ་འཁོད་སྐབས། ༢༠༡༢།༡༢།༡༢ བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དཔལ་ལྡན་འབྲས་སྤུངས་སུ་ཞབས་སོར་བདེ་འཁོད་སྐབས། ༢༠༡༢།༡༢།༡༢
OHHDL

ངོས་ཀྱིས་ལོ་ངོ་གསུམ་སྟོང་ལྷག་ཕྱིན་པའི་སེམས་ཁམས་རིག་པ་དང་འབྲེལ་བའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་ཡོང་ཐབས་སུ་འབད་བརྩོན་བྱེད་བཞིན་ཡོད་ཅེས་༧གོང་ས་མཆོག་གིས་འབྲས་སྤུངས་ནས་བཀའ་བསྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་གྷོ་ཝ་ཁུལ་གྱི་མཛད་འཕྲིན་ཁག་ཡོངས་སུ་གྲུབ་རྗེས། ཕྱི་ཟླ་ ༡༢་ཚེས་ ༡༢་ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཡོད་པའི་དཔལ་ལྡན་འབྲས་སྤུངས་བླ་སྤྱིར་ཞབས་སོར་བདེ་བར་འཁོད་སོང་།
སྐབས་དེར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། ཡོངས་འཛིན་མཆོག་སྤྲུལ་གླིང་རིན་པོ་ཆེ་མཆོག་སོགས་ཀྱི་དབུས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གནད་ཡོད་བོད་མི་དང་། སེར་སྐྱ་མི་མང་ལྷན་འཛོམས་ཀྱི་ཕེབས་བསུའི་མཛད་སྒོའི་ཐོག ༧གོང་ས་མཆོག་གིས། འཚེ་མེད་ཞི་བ་དང་བྱམས་བརྩེ་ནི་དེང་སྐབས་འཛམ་གླིང་སྤྱི་ལ་དགོས་རྒྱུ་ཞིག་ཆགས་ཡོད། དེར་བརྟེན་བར་སྐབས་ནས་ངོས་ཀྱིས་ལོ་ངོ་གསུམ་སྟོང་ལྷག་ཕྱིན་པའི་སེམས་ཁམས་རིག་པ་དང་འབྲེལ་བའི་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་བསྐྱར་གསོ་ཡོང་ཐབས་སུ་འབད་བརྩོན་བྱེད་བཞིན་ཡོད། དེང་རབས་ཀྱི་ཤེས་ཡོན་དང་རྒྱ་གར་གནའ་རབས་ཀྱི་ཤེས་ཡོན་ཟུང་དུ་སྦྲེལ་རྒྱུ་རྒྱ་གར་ནང་ཆ་རྐྱེན་ཡོད་པ་ཞིག་རེད། རྒྱ་གར་གནའ་རབས་ཀྱི་ཤེས་ཡོན་དེ་ཚིག་ཙམ་མིན་པར་ཤེས་སྒྲུབ་ཟུང་སྦྲེལ་གྱི་ཐོག་ནས་ལོ་ངོ་སྟོང་ཕྲག་ལྷག་གི་རིང་བདག་པོ་རྒྱག་མཁན་ནི་བོད་པ་ཆགས་ཡོད། དེ་ཡང་འདིར་གདན་ས་ཁག་དང་འབྲེལ་བ་ཆགས་ཡོང་དུས་ངོས་ཀྱིས་ཧ་ཅང་ཡག་པོ་མཐོང་བྱུང་ཅེས་དང་། སངས་རྒྱས་ཀྱི་བསྟན་པ་རིག་པའི་ལམ་ནས་གཏན་ལ་ཕབ་ཏེ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གཙོ་བོ་སློབ་གཉེར་བ་ཚོ་ཡིན་དུས། ད་བར་གདན་སའི་སློབ་གཉེར་བ་ཚོས་ཧུར་ཐག་གནང་བ་ལ་བསྔགས་བརྗོད་གནང་བ་དང་སྦྲགས་ད་དུང་མུ་མཐུད་དུ་ཧུར་བསྐྱེད་དགོས་པའི་བཀའ་སྩལ་སོང་།
ད་དུང་༧གོང་ས་མཆོག་གིས། དེང་སྐབས་འཛམ་གླིང་འདིའི་སྟེང་ནང་པ་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། ཆོས་ཞེས་པ་སྨོན་ལམ་བརྒྱབ་པ་དང་སྔགས་བགྲང་རྒྱུའི་སྐད་ཆ་ཙམ་མ་རེད། ནང་པ་སངས་རྒྱས་པའི་གཞུང་ནས་གསུང་པའི་ལྟ་གྲུབ་དང་སེམས་ཁམས་རིག་པ་དེ་ཚོའི་ཐོག་ལ་མཁས་དབང་མང་པོས་དོ་སྣང་བྱེད་བཞིན་པ་དང་། ཚན་རིག་པའི་ནང་ནས་ཀྱང་དོ་སྣང་བྱེད་མཁན་ཡོང་བཞིན་པ་རེད། སྐབས་འདིར་ང་ཚོས་ནང་པ་སངས་རྒྱས་པའི་ལྟ་གྲུབ་སེམས་ཁམས་རིག་པ་དང་ཚད་མ་རིག་པ་དེ་དག་ལུང་ཙམ་ལ་བསྟེན་པ་མིན་པར་རིག་པའི་ལམ་ནས་ངོ་སྤྲོད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་བཀའ་སྩལ་ཡོད།
གཞན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ད་ཐེངས་གྷོ་ཝ་གཙུག་ལག་སློབ་ཆེན་གྱི་མཛད་རིམ་དང་འབྲེལ་དཔལ་ལྡན་འབྲས་སྤུངས་སུ་བཅར་ནས་མཛད་འཕྲིན་ཁག་གི་རྗེས། དགའ་ལྡན་ལྔ་མཆོད་དང་འབྲེལ་རྗེ་རིན་པོ་ཆེ་དགོངས་པ་རྫོགས་ནས་ལོ་ངོ་ ༦༠༠ ་འཁོར་བའི་དུས་སྟོན་ཆེད་ཆིབས་བསྒྱུར་གནང་རྒྱུ་དང་། འཆར་ལོའི་ཕྱི་ཟླ་གསུམ་པའི་ནང་། རྒྱ་གར་བྷེང་ལོར་ལ་ཆིབས་བསྒྱུར་དང་མཉམ་སེ་ར་བྱེས་སྨད་གཉིས་དང་། བཀྲ་ཤིས་ལྷུན་པོ། རྣམ་གྲོལ་གླིང་བཅས་སུ་ཕེབས་འཆར་ཡོད་པ་སོགས་བཀའ་སྩལ་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎