རྒྱ་ནག་ནང་འགྱུར་བ་འགྲོ་སྲིད།
2013.04.01

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། གོ་ལ་གཅིག་འགྱུར་གྱི་དུས་སྐབས་འདིར་རྒྱ་ནག་གི་འགོ་འཁྲིད་གསར་པ་ཚོས་རྒྱལ་སྤྱིའི་དངོས་ཡོད་གནས་སྟངས་ལ་གཞིགས་པའི་གོམ་བགྲོད་སྤོ་དགོས་པ་ཆགས་རྒྱུ་ཡིན་པ་ལས། དེ་སྔ་ལྟར་གྲོགས་མེད་ཁེར་རྐྱང་ངང་སྡོད་ཐབས་བྲལ་བ་རེད་ཅེས་བཀའ་གནང་འདུག
དེ་ཡང་ཉེ་ལམ་རྒྱ་གར་བྱང་ཤར་ནུབ་སྦང་གྷལ་གྱི་ས་གནས་ ས་ལུ་ག་ར་རུ་ཆིབས་བསྒྱུར་བཀའ་དྲིན་སྐྱོང་སྐབས། གསར་འགོད་པས་རྒྱ་ནག་གི་འགོ་འཁྲིད་གསར་པ་ ཞི་ཅིན་ཕིང གི་འཛིན་སྐྱོང་འོག ཡུལ་དེའི་ནང་འགྱུར་བ་འགྲོ་བཟོ་ཡོད་མེད་བཀའ་འདྲི་ཞུས་པའི་ལན་དུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་ནག་གི་འགོ་འཁྲིད་ཚོས་ད་ལྟའི་དངོས་ཡོད་གནས་ཚུལ་དང་མཐུན་པའི་བྱ་ཐབས་ཤིག་འཛིན་དགོས་པ་ཆགས་རྒྱུ་ཡིན་ཙང༌། ཡུལ་དེའི་ནང་འགྱུར་བ་འགྲོ་རྒྱུ་ཡིན་པར་ངོས་ནས་ཡིད་ཆེས་བྱེད་ཀྱི་ཡོད། འོན་ཀྱང་འགྱུར་བ་ཆེན་པོ་ཞིག་ལམ་སེང་ཡོང་གི་རེད་བསམ་ན། དེ་ནི་དངོས་ཡོད་གནས་ཚུལ་དང་མ་འཚམས་པའི་རེ་བ་བྱས་པ་ཞིག་རེད་ཅེས་དང༌། ཡང་སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད། རྒྱ་ནག་ཕྱོགས་ནས་འཛམ་གླིང་གི་གནས་སྟངས་ཡག་ཏུ་གཏོང་རྒྱུར་ལེགས་སྐྱེས་གང་འཚམ་འབུལ་ཐུབ་བཟོས་ཡོད་ཀྱང༌། དེ་ལྟར་བྱེད་ཐུབ་པར་ཐོག་མ་རྒྱ་ནག་ལ་འཛམ་གླིང་མི་མང་གི་ཡིད་ཆེས་དང་ཆེ་ཐོངས་སླེབས་ཐུབ་པ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། རྒྱལ་སྤྱིའི་ཡིད་ཆེས་དང་ཆེ་ཐོངས་ཡོང་བར། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་དེ་ཕྱི་གསལ་ནང་གསལ་དགོས་པ་ནི་ཤིན་ཏུ་གནད་འགག་ཆེན་པོ་ཡིན་པ་ལས། དེ་ལྟར་མ་བྱས་པར་སྤྱི་ཚོགས་སྒོ་རྒྱབ་ནས་བསྡད་པ་ཡིན་ན་འགྲིག་ཐབས་མེད་པ་ཞིག་ཡིན་པ་མ་ཟད། དེ་ཡིས་གནོད་སྐྱོན་ཆེན་པོ་བཟོ་གི་རེད་ཅེས་བཀའ་ལན་གནང་འདུག།