མི་སེམས་བཟང་ཞིག་བྱེད་རྒྱུ་གལ་ཆེན་པོ་ཅེས་༧གོང་ས་མཆོག་གིས་བཀའ་གནང་འདུག
2017.09.01
སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་ཚོར་ཆོས་འབྲེལ་ཉིན་མཐའ་མར་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་གནང་འདུག
དེ་ཡང་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ལྔ་ཡི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་འདེབས་ཞུ་དོན་དེ་ལྟར། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉེ་ཆར་ཟླ་ ༨ ་ཚེས་༢༩ ་ཉིན་དབུ་བཙུགས་ནས་ཟླ་ ༩ ་ཚེས་ ༡ ་བར་ཉིན་བཞི་ཡི་རིང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏའི་ཆོས་འབྲེལ་གྱི་ཉིན་མཐའ་མར་སེམས་སྐྱེད་ཀྱི་སྡོམ་པ་འབོག་ཆོག་གནང་ཡོད་པ་རེད།
སྐབས་དེར་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆོས་ནི་བདེ་སྐྱིད་སྒྲུབ་ཆེད་དུ་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་སུ་བདེ་སྐྱིད་ཀྱི་རྩ་བ་དེ་སེམས་ལ་ཐུག་ཡོད་པས། སེམས་འདུལ་ཐབས་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་ཞིང་། རང་གཅེས་འཛིན་གྱི་བློ་དེ་ཉུང་དུ་བཏང་རྒྱུ་དང་། གཞན་གཅེས་འཛིན་གྱི་བློ་དེ་གོང་འཕེལ་གཏོང་བའི་ཐོག་ནས་མདོར་དོན་མི་སེམས་བཟང་ཞིག་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་ཕེབས་འདུག
གཞན་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསུང་ཆོས་ཞུས་པའི་རྗེས་སེམས་ལ་འགྱུར་བ་ཐེབས་ཐུབ་པ་ཞིག་བྱུང་ན་ཆོས་ཞུས་པའི་གོ་ཆོད་པ་རེད་ཅེས་བཀའ་གནང་འདུག
༧གོང་ས་མཆོག་ནས་གསུང་ཆོས་གྲོལ་རྗེས་ལྷོ་ཤར་ཨེ་ཤེ་ཡའི་ཆོས་ཞུ་བ་ཚང་མ་སྡེ་ཚན་ཁག་རེ་རེ་བཞིན་སྐུ་པར་མགྲོན་གནང་བ་དང་། ཆོས་ཞུ་བ་ཚོས་ད་རེས་༧གོང་ས་མཆོག་གི་དྲུང་ནས་གསུང་ཆོས་ཞུས་རྗེས་རང་སྐྱོན་ངོས་འཛིན་ཐུབ་པ་སོགས་ཀྱི་ཕན་ཐོག་ཆེན་པོ་བྱུང་བས་མ་འོངས་པར་ཡང་གསུང་ཆོས་ཞུ་བར་བཅར་རྒྱུའི་འདུན་པ་ཤུགས་ཆེ་ཡོད་སྐོར་གསུང་གི་ཡོད་པ་རེད།
གསར་འགོད་པ་སངས་རྒྱས་རྡོ་རྗེ། ཕབ་བཤུས་བསོད་ནམས་ལྷ་མོ།