༸གོང་ས་མཆོག་གིས་སེམས་པ་བཟང་པོ་བྱ་རྒྱུ་དང་ཆོས་ལུགས་ཕན་ཚུན་འཆམ་མཐུན་དགོས་གལ་ཆེ་བའི་སྐོར། འབྲས་ལྗོངས་མང་ཚོགས་ལ་བཀའ་ཆོས་སྩལ་བའི་སྐབས་གསུངས་པ།

༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་༡༢ཉིན་སྒང་ཏོག་དཔལ་འབྱོར་རྩེ་ཐང་དུ་ཆིབས་སྒྱུར་སྐབས་ཕེབས་ལམ་གཡས་གཡོན་དུ་དད་ལྡན་ཆོས་ཞུ་བ་ཚོས་ལག་དུ་དཀར་གཙང་མཇལ་དར་དུག་སྤོས་མེ་ཏོག་སོགས་བསྣམས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་ཅིང་། སྒང་ཏོག་དཔལ་འབྱོར་རྩེ་ཐང་གི་སྒོའི་མདུན་དུ་མངའ་སྡེའི་སྲིད་སྐྱོང་(Lakshman Prasad Acharya)དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Prem Singh Tamang)རྣམ་གཉིས་ནས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་ཞུས་གནང་སོང་། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་བསྩལ་བ་དང་འབྲེལ་བཀའ་སློབ་སྩལ་དོན་དུ། འཛམ་གླིང་འདིའི་སྟེང་གི་མི་ཐེར་འབུམ་འགའ་ཤས་ཤིག་ཡོད་པ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་གཅིག་འགྱུར་ཡིན་ན་ཡང་། དཀའ་རྙོག་མང་པོ་ཞིག་མིས་བཟོས་པ་ཞིག་ཆགས་ཀྱི་ཡོད་པ་དེ་ཡང་སྐབས་རེ་ཆོས་ལུགས་མི་འདྲ་བའི་ཐོག་ནས་རྙོག་དྲ་ཡོང་བཞིན་ཡོད་དུས་ཆོས་ལུགས་མི་འདྲ་བ་ཕན་ཚུན་དབར་འཆམ་མཐུན་དགོས་རྒྱུ་གལ་ཆེ་ཡིན་པ་བཀའ་བསྩལ་སོང་།
དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ཁབ་ནང་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་པ་ཚང་མ་འཆམ་མཐུན་ངང་གནས་བཞིན་ཚང་མས་སེམས་པ་བཟང་པོ་བྱ་དགོས་པའི་བསླབ་བྱ་གཅིག་མཚུངས་ཡིན་དུས་ཚང་མས་སེམས་པ་བཟང་པོ་བྱ་དགོས་པ་དང་ཆོས་ལུགས་ཚང་མ་ལ་གུས་ཞབས་བྱ་རྒྱུ་དེ་གལ་ཆེ་ཡིན་ཞེས་བཀའ་བསྩལ་སོང་།
གཞན་ཡང་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབས་བློན་ཆེན་ (Prem Singh Tamang)མཆོག་གིས་གསུངས་བཤད་གནང་དོན་དུ། ད་ལན་༸གོང་ས་མཆོག་འབྲས་ལྗོངས་ནང་ཞབས་སོར་ཁོད་པ་ནི་ང་ཚོས་གཟི་བརྗིད་དང་བསྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ངས་འབྲས་ལྗོངས་གཞུང་དམངས་གཉིས་ཀྱི་ངོས་ནས་ ༸གོང་ས་མཆོག་འབྲས་ལྗོངས་སུ་ཆིབས་སྒྱུར་བསྐྱངས་པར་སྙིང་ཐག་པ་ནས་དགའ་བསུ་ཞུ་བཞིན་ཡོད། མགོན་པོ་མཆོག་ད་རེས་གནམ་གཤིས་དང་༸སྐུའི་འཕྲོད་བཞེས་ལ་མ་འཛེམས་པར་འབྲས་ལྗོངས་སུ་ཞབས་སོར་འཁོད་ནས་ས་གནས་མང་ཚོགས་ལ་ཆོས་འབྲེལ་དང་བྱིན་རླབས་བསྩལ་བར་ང་ཚོས་བཀྲིན་ཆེ་ཞུ་རྒྱུ་དང་མགོན་པོ་གང་ཉིད་མཆོག་དུས་རྟག་ཏུ་ང་ཚོར་ལམ་སྟོན་དང་བྱིན་རླབས་གནང་སྐྱོང་ཡོང་འབོད་སྐུལ་ཞུས་གནང་སོང་།
ད་རེས་༸གོང་ས་མཆོག་གི་གསུང་ཆོས་ཞུ་ཆེད་ཀ་རྡོར་སྒང་གསུམ་དང་ཤི་ལོང་། ཨ་རུ་ནཱ་ཅལ་དེ་བཞིན་བལ་ཡུལ་དང་འབྲུག་ཡུལ་བཅས་ནས་དད་ལྡན་པ་མང་པོ་ཞིག་ཕེབས་ཡོད་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཆོས་ཞུ་བ་ཁག་གཅིག་ལ་ད་རེས་ཀྱི་ཆོས་འབྲེལ་དང་འབྲེལ་བའི་སྐོར་བཅར་འདྲི་ཞུས་པར། ས་གནས་ཡུལ་མི་ཕུར་པ་ཤེར་པ་ལགས་ཀྱིས། འབྲས་ལྗོངས་མི་མང་ཚང་མ་བསོད་ནམས་ཆེན་པོ་རེད་བསམ་གྱི་འདུག གང་ཡིན་ཞུས་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་གནས་འདིར་སླར་ཡང་ཞབས་སོར་འཁོད་ཡོད་པ་རེད། འདི་ལྟ་བུའི་གོ་སྐབས་ནི་ང་ཚོར་ཐོབ་དཀའ་བ་ཞིག་རེད། སོང་ཙང་ང་རང་འབྲས་ལྗོངས་གཞུང་ལ་༸གོང་ས་མཆོག་ས་གནས་སུ་གདན་ཞུ་གནང་བར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
གསུང་ཆོས་གྲུབ་མཚམས་སུ་འབྲས་ལྗོངས་མངའ་སྡེ་གཞུང་དང་འབྲས་ལྗོངས་བོད་རིགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་འབྲས་གཞུང་ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་གི་གོ་སྒྲིག་ཞུས་པའི་༸རྒྱལ་དབང་ཀརྨ་པའི་གདན་ས་རུམ་ཏེག་ཏུ་གསར་དུ་བཞེང་རྒྱུའི་ཀརྨ་པ་སྐྱེད་མོས་ཚལ་གྱི་ལས་འཆར་གྱི་རྩིག་རྨང་འཇོག་གནང་མཛད་ཡོད་པ་མ་ཟད་ཤར་འབྲས་ལྗོངས་ཀྱི་སིམ་ཅིག་ས་གནས་སུ་གསར་བཞེང་གནང་རྒྱུའི་༸རྒྱལ་བ་ལྷ་བཙུན་ཆེན་པོའི་སྐུ་བརྙན་གྱི་རྩིག་རྨང་ཡང་འཇོག་གནང་མཛད་ཡོད་པ་རེད།
ཕྱི་ཚེས་ ༡༣ ཉིན་འབྲས་ལྗོངས་མངའ་སྡེ་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགུང་གི་ལྗགས་སྨིན་འདེགས་འབུལ་ཞུ་རྒྱུ་དང་དེ་ནས་ཕྱི་ཚེས་ ༡༤ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་ནུབ་སྦང་གྷེལ་གྱི་མངའ་སྡེའི་ས་ལུ་ག་རའི་ནང་ཡོད་པའི་དཔལ་ལྡན་སྲས་རྒྱུད་གྲྭ་ཚང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བྱང་སེམས་བོག་ཆོག་གི་ཐོག་ནས་ཆོས་འབྲེལ་སྐྱོང་གནང་མཛད་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།