ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་ཏེ། བོད་ནང་གི་བོད་མི་ཚོའི་མངོན་འདོད་སྐོར་གྱི་བརྙན་པར་སྤྱན་འབུལ་ཞུས་འདུག

འཇིགས་བྲལ་གློག་བརྙན་བཟོ་བསྐྲུན་པ་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ནི་མི་ལོ་༡༦ཡི་རྗེས་སུ་སླར་ཡང་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཏེ། སྤྱི་ཟླ་༧པའི་ཚེས་༡ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་འདུག་ཅིང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། གཞིས་བྱེས་བོད་མི་ཚོ་ཐུགས་བློ་བདེ་པོ་ངང་གནས་དགོས་དང་། འབྱུང་འགྱུར་བཙན་བྱོལ་བོད་མི་ཚོ་བོད་ལ་ཕྱིར་ལོག་ཐུབ་པའི་རེ་བ་ཡོད་པའི་སྐོར་བཀའ་གནང་ཡོད་པ་ཁོང་གིས་གསར་འགོད་པར་འགྲེལ་བརྗོད་གནང་བྱུང་།
སྤྱི་ལོ་༢༠༡༧ལོར་ཁོང་ཨ་མི་རི་ཀར་སྐྱབས་བཅོལ་དུ་ཕེབས་ཏེ། འདས་པའི་ལོ་དྲུག་གི་དུས་ཡུན་འདིའི་རིང་། རྡ་རམ་ས་ལར་ཡོང་ཐབས་ཐེངས་གསུམ་བྱས་ཀྱང་མཐོང་མཆན་ཡིག་ཆ་སྤྲད་མེད་ཀྱང་། ཐེངས་འདིར་དོན་གཅོད་ལས་ཁུངས་ཁག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ཀྱི་རོགས་རམ་ལ་བརྟེན་ནས་ཕྱིར་རྒྱ་གར་ལ་འབྱོར་ཐུབ་པ་བྱུང་ཡོད་འདུག
ད་རེས་མཇ་ལ་ཁའི་སྐབས། དོན་གྲུབ་དབང་ཆེན་ལགས་ཀྱིས། བོད་ནང་གི་དངོས་ཡོད་སྟངས་དང་། ལྷག་པར་དུ་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་བཙན་ཁང་སྐོར། དེ་བཞིན་ཁོང་གིས་བཟོ་བསྐྲུན་གནང་པའི་འཇིགས་བྲལ་གློག་བརྙན་སོགས་ཀྱི་སྐོར་༸གོང་ས་མཆོག་ལ་སྙན་འབུལ་ཞུས་འདུག་པ་མ་ཟད་སྤྱི་ལོ་༢༠༡༧ལོར་མདོ་སྨད་ཁུལ་དུ་༸གོང་ས་མཆོག་གི་༸སྐུ་དཔར་སྒྲིག་བཤིམ་མི་ཆོག་པའི་དམ་དྲག་ཤུགས་ཆེར་བྱས་ཡོད་པའི་གནས་ཚུལ་དང་། གཞིས་བཞུགས་བོད་མི་ཚོས་༸གོང་ས་མཆོག་བོད་ལ་མྱུར་དུ་ཕེབས་པར་རེ་སྒུག་གནང་མུས་ཡིན་པའི་བརྙན་པར་སྤྱན་འབུལ་ཞུས་འདུག
དོན་གྲུབ་དབང་ཆེན་ལགས་ཀྱིས་བཟོ་བསྐྲུན་བྱས་པའི་འཇིགས་བྲལ་ཞེས་པའི་གློག་བརྙན་དེའི་ནང་གཞིས་ལུས་བོད་མི་དཀྱུས་མ་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཇི་ཙམ་ཞུ་བཞིན་པའི་ཚོར་བ་རྣམས་ཁ་གསལ་འགྲེལ་བརྗོད་གནང་ཡོད་པ་མ་ཟད། བོད་མི་ཚོས་རྒྱ་ནག་གཞུང་གིས་དམ་དྲགས་ཅན་གྱི་སྲིད་བྱུས་ལ་གདོང་ལེན་དང་དཀའ་སྡུག་སོགས་ཀྱི་སྐོར་ཁ་གསལ་སྟོན་ཡོད་པ་དེ་དག་འཛམ་གླིང་ལ་དྲིལ་བསྒྲགས་བྱས་འདུག་པ་དེ་ནི་བོད་མི་རིགས་ཤིག་ཡིན་པའི་ཆ་ནས་ཧ་ཅང་གི་སྤོབས་པ་དང་རིན་ཐང་ལྡན་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
སྤྱི་ལོ་༢༠༠༨ཁོང་དང་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་རྣམ་གཉིས་ཀྱིས་བོད་ནང་བོད་མིའི་མངོན་འདོད་དང་འབྲེལ་བའི་་དངོས་བྱུང་གློག་བརྙན་འཇིགས་བྲལ་ཞེས་པ་དེ་བཟོས་པའི་རྐྱེན་གྱིས། རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་ཏེ། ༢༠༡༠ལོར་ལོ་ངོ་༦གི་བཙོན་འཇུག་ཁྲིམས་ཐག་བཅད་དེ། བཙོན་ཁང་ནང་དཀའ་སྡུག་ཚད་མེད་མྱངས་རྗེས། གློད་གྲོལ་ཐོབ་ཀྱང་། མུ་མཐུད་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲགས་བྱས་པར་བརྟེན། སྤྱི་ལོ་༢༠༡༧ལོར་རྒྱ་ནག་ནས་བྲོས་བྱོལ་གྱིས་ཡུ་རོབ་བརྒྱུད་ཨ་རིར་སྐྱབས་བཅོལ་དུ་འབྱོར་ཏེ། ནང་མི་དང་ལོ་ངོ་༡༠ཡི་རྗེས་སུ་ལྷན་འཛོམས་བྱུང་ཡོད་པ་རེད།
གཞན་ཡང་ད་རེས་དོན་གྲུབ་དབང་ཆེན་ལགས་རྡ་རམ་ས་ལར་འབྱོར་བའི་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་དུ་ཕེབས་ཏེ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་དང་དྲུང་ཆེ་སོགས་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་འདུག་པ་དང་། འདི་ཚེས་༤ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་མོལ་གནང་རྒྱུ་ཡིན་འདུག་གཞི་རྩའི་ཆ་ནས་ཁོང་སྤྱི་ཟླ་༧པའི་ཚེས་༡༤བར་དུ་བཞུགས་སྒར་དུ་གནས་ཞུགས་བྱེད་རྒྱུ་ཡིན་པ་དང་། དེའི་རྗེས་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་བསྐྱོད་འཆར་ཡོད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།