བོད་པའི་གོམས་གཤིས་དེས་འཛམ་གླིང་ལ་མིག་དཔེ་སྟོན་ཐུབ་པ་ཞིག་དགོས་ཞེས། ༸གོང་ས་མཆོག་གིས།

2023.11.07
བོད་པའི་གོམས་གཤིས་དེས་འཛམ་གླིང་ལ་མིག་དཔེ་སྟོན་ཐུབ་པ་ཞིག་དགོས་ཞེས། ༸གོང་ས་མཆོག་གིས། ༸གོང་ས་མཆོག་གིས་ས་གནས་འགོ་འཛིན་རྣམས་ལ་བཀའ་སློབ་སྩལ་བའི་སྐབས། ༢༠༢༣།༡༡།༠༧ ཉིན།
OHHDL

ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༧ ཉིན་གྱི་སྔ་དྲོར་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅོ་ལྔ་པར་ཕེབས་པའི་ཚོགས་ཞུགས་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྐྱངས་ཡོད།
༸གོང་ས་མཆོག་གིས་ཚོགས་བཅར་བ་རྣམས་ལ་བཀའ་སློབ་སྩལ་སྐབས། འཛམ་གླིང་འདིར་སྐྱབས་བཅོལ་བ་མང་པོ་ཡོད་ཀྱང་། བོད་པ་སྐྱབས་བཅོལ་བ་ཚོ་འདྲ་འདྲའི་ནང་གི་མ་འདྲ་བ་ཡིན། ཞེས་དང་། ངོས་ནས་འགོ་ཁྲིད་ཡོད་པ་བཞིན་རྨི་ལམ་སོགས་ལ་བརྟག་དཔྱད་བྱས་པ་ཡིན་ན། ངོས་རང་ལོ་ངོ་བརྒྱ་དང་བཅུ་གྲངས་ཤིག་ལ་སྡོད་ཐུབ་རྒྱུ་ཡིན་སྟབས། ངོས་ནས་མུ་མཐུད་འགོ་ཁྲིད་དེ་མི་མང་ཚོས་སེམས་ལྷོད་ལྷོད་ངང་། སེམས་ཅན་ཐམས་ཅད་ཅེས་སྨོན་ལམ་རྒྱག་བཞིན་ཡོད་པ་ལྟར། ཁ་ཡོད་ལག་ཡོད་ཀྱིས་མི་མང་ཆེ་བར་ཕན་ཐོགས་དང་། བོད་པའི་གོམས་གཤིས་དེས་འཛམ་གླིང་ལ་མིག་དཔེ་སྟོན་ཐུབ་པ་ཞིག་དགོས་སྐོར་བཀའ་ཕེབསས་སོང་།
 

ཐེངས་འདིར་མཇལ་ཁར་བཅར་མཁན་ས་གནས་འགོ་འཛིན་མི་གྲངས་ ༤༥ ཡོད་པ་དང་། འདི་ཚེས་ ༦ ནས་ ༩ བར་ཉིན་གྲངས་བཞིའི་རིང་བཞུགས་སྒར་གངས་སྐྱིད་དུ་བསྐོང་ཚོགས་ཀྱིས་འཛིན་སྐྱོང་ལས་དོན་ལ་འགན་འཁུར་ཞུ་ཕྱོགས་དང་འབྲེལ་བའི་གྲོས་གཞི་དོན་ཚན་ ༩ ཡི་ཐོག་གོ་བསྡུར་གནང་རྒྱུ་ཡིན་འདུག
ཡང་དེ་རིང་མཇལ་ཁའི་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་འདིར་བོད་པ་དང་བོད་ཀྱི་ཆོས་དང་རིག་གཞུང་ལ་དགའ་མོས་བྱེད་མཁན་མང་དག་ཅིག་ཡོད་པ་བཞིན། སེམས་ཁམས་ལྷོད་ལྷོད་དང་སེམས་ཀྱི་ཞི་བདེ་ཡོང་བ་དེ་བོད་ཀྱི་རིག་གཞུང་གོམས་གཤིས་ཆགས་བསྡད་ཡོད། ཅེས་དང་། དེ་བཞིན་ངོས་ནས་ནམ་རྒྱུན་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་དགོས་ཞེས་བཤད་བསྡད་ཡོད་ལ། དེ་ལྟར་བྱུང་ན་ག་ལེར་ང་ཚོས་རྒྱ་རིགས་མང་པོ་ཞིག་ལའང་ཕན་ཐོགས་བྱ་རྒྱུ་ཡོང་ཐུབ་པ་ཞིག་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་བསྡད་ནས་ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་བདག་པོ་ཡག་པོ་བརྒྱབ་པ་ཡིན་ན། དེ་ཡིས་རྒྱ་མི་ཚོར་ཤུགས་རྐྱེན་ཐེབས་རྒྱུ་དང་། ང་ཚོས་བསམ་བློ་གུ་དོག་པོ་མ་ཡིན་པར་གུ་ཡངས་པོ་དང་ཕུགས་རྒྱང་རིང་པོའི་བསམ་བློ་བཏང་བ་ཡིན་ན། ང་ཚོར་སྙིང་སྟོབས་དང་སེམས་ཤུགས་ཡོད་པས། ཚང་མས་ཧུར་ཐག་བྱོས་ཞེས་བཀའ་སྩལ་སོང་།

ཐེངས་འདིའི་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅོ་ལྔ་པའི་སྟེང་། བུད་མེད་ས་གནས་འགོ་འཛིན་དྲུག་མཉམ་ཞུགས་གནང་ཡོད་ཅིང་། ཉིན་བཞིའི་ཚོགས་འདུའི་སྐབས་ས་གནས་ཀྱི་དཀའ་ངལ་རྣམས་འབྲེལ་ཡོད་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་སྙན་གསེང་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎