རྒྱ་གར་གྱི་ཁྲིམས་འཛིན་བློན་ཆེན་མཆོག་གིས་༧གོང་ས་མཆོག་གི་མཇལ་ཁ་ཞུས་འདུག
དེང་སྐབས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་སོགས་མཛད་འཕྲིན་འདྲ་མིན་སྐྱོང་བཞིན་པའི་སྐབས། འདི་ཚེས་༣ཉིན་རྒྱ་གར་དབུས་གཞུང་གི་ཁྲིམས་འཛིན་བློན་ཆེན་(Kiren Rijiju)་མཆོག་དང་། གཞན་ཡང་གཞུང་འཛིན་(BJP)་ཆབ་སྲིད་ཚོགས་པའི་དཔོན་རིགས་མཐོ་གྲས་རྒྱ་གར་དབུས་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་(Sushil Kumar Modi)་དང་། (Vinay Sahasrabuddhe)་བཅས་ཆེད་དུ་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་གནང་བ་དང་། བོད་དང་རྒྱ་གར་གྱི་གནའ་བོའི་རྩ་ཆེའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་སྐོར་བཀའ་བསྡུར་གནང་ཡོད་འདུག་ལ། རྒྱ་གར་དབུས་གཞུང་གི་ཁྲིམས་འཛིན་བློན་ཆེན་(Kiren Rijiju)་མཆོག་གི་ངོ་དེབ་ཐོག དེ་རིང་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གསར་བསྐྲུན་གྱི་རྩིག་རྨང་མ་བཞག་སྔོན་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མཇལ་ཁའི་བྱིན་རླབས་ཐོབ་པ་བཀོད་འདུག
ཡང་ཁོང་གིས། སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་གར་འཕགས་པའི་ཡུལ་དུ་རང་གྱི་ཕ་ཡུལ་གཉིས་པ་ལྟ་བུར་བཞུགས་པ་ཙམ་མིན་པར་མགོན་པོ་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིགས་གཞུང་ཕྱུག་པོ་དེ་དག་གསོན་པོར་གནས་རྒྱུར་མཛད་རྗེས་རླབས་ཆེན་བཞག་པར་རྒྱ་གར་དབུས་གཞུང་དང་སྲིད་བློན་མོ་དྷི་མཆོག་དེ་བཞིན་རྒྱ་གར་རྒྱལ་ཡོངས་ཀྱི་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་རྒྱལ་ཁབ་ཀྱིས་དུས་རྟག་དུ་མགོན་པོ་མཆོག་གི་བཀའ་དྲིན་བསམ་ཤེས་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
ཚེས་༣ཉིན་སྤྱི་ནོར་༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་རྡོ་མ་ཧན་(Dohmahan)་ཞེས་པའི་ས་གནས་སུ་"༧གོང་ས་ཏཱ་ལའི་བླ་མ། བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་"གསར་བསྐྲུན་གྱི་རྩིག་རྨང་བཞག་གནང་མཛད་ཡོད་པ་དང་། སྐབས་དེར་དམིགས་བསལ་སྐུ་མགྲོན་རྒྱ་གར་དབུས་གཞུང་གི་ཁྲིམས་འཛིན་བློན་ཆེན་(Kiren Rijiju)་ལགས་ཀྱིས། ངོས་རང་གནས་མཆོག་རྡོ་རྗེ་གདན་དུ་ཐེངས་མང་སླེབས་མྱོང་། ས་གནས་འདིར་ག་དུས་སླེབས་ཀྱང་སེམས་ནང་བདེ་སྐྱིད་དང་ཞི་བདེ་ཡོང་གི་འདུག གནས་རྩ་ཆེན་འདིར་སླེབས་སྐབས་བྱིན་རླབས་ཀྱང་དམིགས་བསལ་ཅིག་འཐོབ་ཀྱི་འདུག དེ་རིང་ནས་ལོ་༢༥༥༠ཡི་གོང་དུ་སྟོན་པ་བཅོམ་ལྡན་འདས་ས་ཆ་འདིར་ཞབས་སོར་འཁོད་ནས་མཐར་མངོན་པར་རྫོགས་པར་སངས་རྒྱས་ཡོད་པ་དང་། དུས་དེ་ནས་བཟུང་ད་བར་ས་ཁུལ་འདི་བཞིན་རྒྱལ་སྤྱིའི་ལྟེ་གནས་ཤིག་ཆགས་ཡོད་པ་རེད། དེ་རིང་འདི་གར་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་སྤྲུལ་༧གོང་ས་ཏཱ་ལའི་བླ་མ་མཆོག་དབུ་བཞུགས་ཐོག་ང་ཚོ་འདི་གར་འཛོམས་པ་ནི་བསྐལ་པ་བཟང་པོ་རེད་ཅེས་གསུང་ཡོད་པ་རེད།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།