༧གོང་ས་མཆོག་གིས་ཇར་མ་ནེ་ནང་མཛད་འཕྲིན་སྐྱོང་བཞིན་པ།
2015.07.13
༧གོང་ས་མཆོག་ཨ་རི་ནས་ཇར་མ་ནེར་ཞབས་སོར་བདེ་བར་འཁོད་སྐབས་ཕེབས་བསུ་ཟབ་རྒྱས་ངང་མཛད་འཕྲིན་སྐྱོང་བཞིན་པ་རེད།
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་ཨ་རིའི་ནུབ་ཕྱོགས་མངའ་སྡེ་California་དང་། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་སོགས་ཀྱི་མཛད་འཆར་ཁག་ལེགས་པར་གྲུབ་ནས་ཁེ་ས་ཚེས་༡༢གཟའ་ཉི་མའི་སྔ་དྲོ་ཇར་མ་ནེའི་Frankfurtགནམ་ཐང་དུ་ཞབས་སོར་བདེ་བར་འཁོད་སྐབས། དེ་གར་རྒྱ་གར་གཞུང་ཚབ་དང་། ཇར་མི་ནེའི་ས་གནས་བོད་མི་དང་། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་གནང་རྗེས་
Hessanམངའ་སྡེའི་རྒྱལ་ས་Wiesbadenལ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད། ༧གོང་ས་མཆོག་གིས་Hessanམངའ་སྡེའི་ནང་ཕེབས་སྐབས་ཇར་མི་ནིའི་སྲིད་བློན་ཟུར་པ་Roland Kochསོགས་ཐེ་བའི་འབྲེལ་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་ཡོད་པ་དང་། དེ་བཞིན་༧གོང་ས་མཆོག་གིས་དེ་སྔོན་སྤྱི་ལོ་༡༩༧༣་ཙམ་ནས་༧གོང་ས་མཆོག་ཡོ་རོབ་ཁུལ་ཐོག་མར་འབྱོར་སྐབས་ཡོ་རོབ་ཀྱི་ཡུལ་ཁག་དང་ལྷག་དོན་དུ་ཧེ་སན་མངའ་སྡེའི་མི་མང་ཚོས་རྒྱབ་སྐྱོར་ཆེན་པོ་གནང་ཡོད་པར་ང་ཚོའི་དབར་དུས་ཡུན་རིང་པོའི་མཛའ་གྲོགས་ཤིག་ཀྱང་ཆགས་ཡོད་པ་རེད་ཅེས་སོགས་བཀའ་གནང་འདུག དེ་བཞིན་༧གོང་ས་མཆོག་གིས་དེ་ཁུལ་གྱི་ས་གནས་Kurpark of Wiesbadenཔར་མི་མང་ཉིས་ཁྲི་ལྔ་སྟོང་ལྷག་འདུ་འཛོམས་ཀྱི་སར་སྙིང་རྗེའི་སྐོར་བཀའ་སློབ་སྩལ་གནང་ཡོད་པ་རེད།
དེ་བཞིན་དེ་ཁུལ་ཤུགས་ལྡན་ཚོགས་པའི་ངོ་རྒོལ་བྱེད་མཁན་ཡང་སླེབས་ཡོད་པས་༧གོང་ས་མཆོག་གིས་ཡོངས་ཁྱབ་ཏུ་བཀའ་གནང་བར་ཡུལ་གྲུ་དེ་ཚོའི་ནང་རང་དབང་སྨྲ་བརྗོད་ཀྱི་ཐོབ་ཐང་ཡོངས་སུ་སྤྱོད་ཐུབ་པར་དགའ་པོ་ཡོད་ཅེས་དང་། འོན་ཀྱང་ཤུགས་ལྡན་གྱི་དཀའ་རྙོག་དེ་ཚོ་ད་ཕན་ལོ་ངོ་༤༠༠་ཙམ་གྱི་རིང་འཕྲད་པའི་རྩོད་རྙོག་ཅིག་ཡིན་པས་དེ་བས་ང་ཚོས་ཞིབ་འཇུག་ནན་ཏན་བྱ་དགོས་པའི་བཀའ་གནང་ཡོད་པ་རེད།
ཇར་མན་གྱི་སྲིད་བློན་ཟུར་པ་Roland Kochམཆོག་གིས་༧གོང་ས་མཆོག་གི་སྐུའི་གྱ་སྟོན་འཁྲུངས་སྐར་དུས་ཆེན་ལ་ཕྱག་རྟགས་འབུལ་རྒྱུ་དེ་༧གོང་ས་མཆོག་གིས་བོད་མི་མང་གི་ཆེད་དུ་ཕྱག་ལས་གནང་བཞིན་པ་དེར་ང་ཚོས་གདུང་ཤུགས་ཆིག་བསྒྲིལ་སྒོ་ནས་རྒྱབ་སྐྱོར་དང་། ༧གོང་ས་མཆོག་སྐུ་གཟུགས་བདེ་ཐང་དང་སྐུ་ཚེ་རིང་པོ་ཡོང་བའི་རེ་སྨོན་ཡོད་ཅེས་དང་། ང་ཚོས་རྒྱ་ནག་དང་མཛའ་གྲོགས་སུ་གནས་ཐོག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཞུ་བཞིན་དུ་ཡོད་ལ་༧གོང་ས་མཆོག་ལ་ག་དུས་ཡིན་ནའི་དགའ་བསུ་ཡོད་ཅེས་གསུང་འདུག
གསར་འགོད་པ་ཕྲེང་རིང་བསྟན་ནོར།
འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་ཚེ་དབང་ནོར་བུ་ལགས་ཀྱིས་བཏང་བར་གསན་རོགས་ཞུ༎
གསར་འགོད་པ་ཚེ་དབང་ནོར་བུ།